ཞི་ཅིན་ཕིང་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་མི་སྣའི་དབུ་ཚོགས་ཐེངས་བཅུ་གསུམ་པར་མུ་མཐུད་ཞུགས་པ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2018-12-03 12:13:35

ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་30ཉིན་གྱི་ཕྱི་དྲོ་དང་ཟླ་12ཚེས་1ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་མི་སྣའི་དབུ་ཚོགས་ཐེངས་བཅུ་གསུམ་པ་ཨ་ཀེན་ཐིན་གྱི་པུ་དབྱི་ནོ་སི་ཨེ་རི་སིར་མུ་མཐུད་འཚོགས་ཤིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་འདུར་ཞུགས་པ་རེད།

ཚོང་དོན་སྐོར་གྱི་གནད་དོན་ལ་གྲོས་བསྡུར་གནང་སྐབས། ཞི་ཅིན་ཕིང་གིས་དང་ཐོག་རྒྱལ་ཁབ་ཉི་ཤུ་ཚོགས་པའི་ཁོངས་མི་ཁག་གིས་སྒོ་དབྱེ་སྟོན་ཕྱོགས་སུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། རང་མོས་ཉོ་ཚོང་གི་འདུ་ཤེས་མཐའ་འཁྱོངས་བྱེད་པ། ཁྲོམ་རའི་སྒོ་མོ་མུ་མཐུད་འབྱེད་པ་དང་འབྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཕན་ཚུན་དགོས་མཁོ་བརྗེ་རེས་དང་ཕན་ཚུན་ལེགས་ཆ་གསབ་རེས་བྱེད་པའི་ཁྲོད་དུ་མཉམ་ལས་གཉིས་ཁེ་ཡོང་བ་བྱེད་དགོས་པ་དང་། གཉིས་ནས་བསྟུན་མཁས་སྟོན་ཕྱོགས་སུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་རྒྱལ་སྤྱིའི་ཚོང་དོན་གྱི“བག་ལེབ”ཐུན་མོང་ཐོག་ཆེ་རུ་བཏང་ནས་དཔལ་འབྱོར་གོ་ལ་ཅན་གྱི་ཕན་པ་རྒྱལ་ཁབ་ཁག་དང་རིམ་གྲས་ཁག་གི་མི་དམངས་ལ་སྔར་བས་ལེགས་པའི་ངང་སྤྱོད་རྒྱུ་ཡོང་བ་བྱེད་དགོས། གསུམ་ནས་སྒྲིག་སྲོལ་སྟོན་ཕྱོགས་སུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་རྒྱལ་སྤྱིའི་ཚོང་དོན་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་བརྟན་ཞིང་སྔོན་དཔག་ཐུབ་པའི་སྒྲིག་སྲོལ་དང་ལམ་ལུགས་ཀྱི་ཁོར་ཡུག་ཅིག་མཁོ་འདོན་བྱེད་དགོས། རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་ཀྱི་གླེང་སྟེགས་གཙོ་བོ་ཞིག་ཡིན་པའི་རྒྱལ་ཁབ་ཉི་ཤུ་ཚོགས་པས་ཕན་པ་ཆེ་བའི་རྒྱལ་སྤྱིའི་ཚོང་དོན་ཁོར་ཡུག་ཅིག་གཏོད་རྒྱུའི་ཐད་ཆབ་སྲིད་ཀྱི་སྣེ་ཁྲིད་ནུས་པ་འདོན་ཐུབ་ཅེས་བསྟན་གནང་བ་རེད།

གནམ་གཤིས་འགྱུར་ལྡོག་སྐོར་གླེང་སྐབས་ཞི་ཅིན་ཕིང་གིས་གནམ་གཤིས་འགྱུར་ལྡོག་ནི་མིའི་རིགས་ཀྱི་མདུན་ལམ་དང་ལས་དབང་དང་འབྲེལ་བ་ཡོད་པའི་འགྲན་སློང་ཧ་ཅང་ཆེན་པོ་ཞིག་ཡིན་པས། ང་ཚོས་ལག་གདང་སྦྲེལ་ནས་མཉམ་དུ་ཁ་གཏད་གཅོག་དགོས་ཀྱི་ཡོད། ཟླ་11ཚེས་30ཉིན་ཀྲུང་གོ་དང་། ཧྥ་རན་སེ། མཉམ་འབྲེལ་རྒྱལ་ཚོགས་བཅས་ཀྱིས་ཐུན་མོང་ཐོག་འབྲེལ་ཡོད་བྱེད་སྒོ་སྤེལ་ཏེ《ཕ་རི་སིའི་གྲོས་མཐུན》དོན་འཁྱོལ་བྱ་རྒྱུའི་འགྱུར་མེད་ཁས་ལེན་བསྐྱར་བསྒྲགས་བྱས་ནས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུའི་བརྡ་རྟགས་གསལ་པོ་ཞིག་བཏང་ཡོད། 

ང་ཚོས་མུ་མཐུད་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི་འགན་འཁྲི་ཁུར་སེམས་ཆེན་པོའི་ཐོག་ནས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་རྒྱལ་སྤྱིའི་མཉམ་ལས་ལ་ཆབ་སྲིད་ཀྱི་སྐུལ་འདེད་ནུས་པ་ཞིག་འདོན་དགོས། ཕྱོགས་ཁག་གིས《མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་གི་སྒྲོམ་གཞིའི་སྤྱི་ཆིངས》དང《ཕ་རི་སིའི་གྲོས་མཐུན》གྱི་ཁས་ལེན་དག་ཇི་མ་ཇི་བཞིན་དུ་ལག་བསྟར་བྱས་ཏེ་2020ལོའི་གོང་བྱ་སྤྱོད་སྤེལ་ཤུགས་ཆེ་རུ་བཏང་ནས་གོ་ལ་ཧྲིལ་པོ་ལྗང་མདོག་ཐཱན་ཉུང་དུ་བསྒྱུར་རྒྱུར་སྐུལ་འདེད་གཏོང་དགོས། དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱིས་2020ལོར་སླེབས་སྐབས། ལོ་ལྟར་ཨ་སྒོར་དུང་ཕྱུར་1000གྲབས་གསོག་བྱ་རྒྱུའི་ཁས་ལེན་བྱས་པ་དག་དོན་ཐོག་ཏུ་འཁྱོལ་བ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་སྔོན་ཐོན་ལག་རྩལ་བརྒྱུད་བཤུག་བྱས་ནས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་ཁོང་ཚོའི་ནུས་པ་ཆེ་རུ་གཏོང་རོགས་བྱེད་དགོས་ཤིང་། ཀྲུང་གོ་ཕྱོགས་ཀྱིས《མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་གི་སྒྲོམ་གཞིའི་སྤྱི་ཆིངས》ཁ་ཐོ་ཝུའེ་ཙིའི་ཚོགས་ཆེན་ཐོག་ལག་བསྟར་ཞིབ་སྲོལ་གྲོས་མོལ་བྱ་རྒྱུའི་སྐོར་གྱི་ལས་འགན་གཙོ་བོ་དེ་དུས་བཀག་ལྟར་ལེགས་གྲུབ་ཡོང་བ་བྱ་རྒྱུ་དང་། 《ཕ་རི་སིའི་གྲོས་མཐུན》ཁྲོད་ཁ་གསལ་འཁོད་པའི“ཐུན་མོང་ཡིན་ལ་ཁྱད་པར་ཡང་ཡོད་པའི་འགན་འཁྲི”དང་རང་རང་སོ་སོའི་ནུས་པའི་རྩ་དོན་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ་ཉུང་འཕྲི་དང་། འཚམ་མཐུན། མ་དངུལ། ལག་རྩལ་སོགས་ཀྱི་ཐད་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་ཁག་དང་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ་འབུལ་འོས་པའི་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་བསྟན་གནང་བ་རེད།

ས་གནས་དེ་གའི་དུས་ཚོད་ཆུ་ཚོད་14དང་སྐར་མ་15ཡོལ་ཙམ་ལ་དབུ་ཚོགས་གྲོལ་བ་རེད།

དབུ་ཚོགས་ཐོག《རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་མི་སྣའི་པུ་དབྱི་ནོ་སི་ཨེ་རི་སིའི་དབུ་ཚོགས་ཀྱི་བསྒྲགས་གཏམ》ལ་གྲོས་འཆམ་བྱུང་བ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

གནམ་མཚོའི་

བརྙན་མཐོང་།