ཞི་ཅིན་ཕིང་གིས་ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་སྐབས་གསར་པའི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་མཉམ་སྡེབ་གླེང་མོལ་གནང་བ།

བོད་ལྗོངས་ཉིན་རེའི་ཚགས་པར།

| 2018-10-31 15:38:54

ལས་བཟོ་ཁྲི་ཚོ་དུང་ཕྱུར་དུ་མར་མཐུན་སྒྲིལ་དང་སྐུལ་སློང་བྱས་ནས་དུས་རབས་གསར་པར་བྱས་རྗེས་ཧུར་ཐག་འཇོག་པ་དང་རང་རྒྱལ་གྱི་བཟོ་པའི་ལས་འགུལ་གྱི་བྱ་གཞག་དང་བཟོ་ཚོགས་ལས་ཀའི་རྣམ་པ་གསར་པ་གཏོད་དགོས་པའི་ནན་བཤད་གནང་བ།

QQ截图20181031153734.png

ཟླ་10ཚེས་29ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀྲུང་ནན་ཧའེ་རུ་ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་སྐབས་གསར་པའི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་མཉམ་སྡེབ་གླེང་མོལ་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་29ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཚེས་29ཉིན་གྱི་སྔ་དྲོ་ཀྲུང་ནན་ཧའེ་རུ་ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་སྐབས་གསར་པའི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་མཉམ་སྡེབ་གླེང་མོལ་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད། ཞི་ཅིན་ཕིང་གིས་རང་རྒྱལ་གྱི་བཟོ་པའི་ལས་འགུལ་གྱི་བྱ་གཞག་ནི་ཏང་གི་བྱ་གཞག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། བཟོ་ཚོགས་ཀྱི་ལས་དོན་ནི་ཏང་གི་རྒྱལ་སྲིད་སྐྱོང་ལུགས་ཀྱི་རྒྱུན་ལྡན་རང་བཞིན་དང་རྨང་གཞིའི་རང་བཞིན་གྱི་ལས་དོན་ཞིག་རེད། ཏང་གིས་བཟོ་ཚོགས་ལས་དོན་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ལས་བཟོ་ཁྲི་ཚོ་དུང་ཕྱུར་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་དུས་རབས་གསར་པར་བྱས་རྗེས་ཧུར་ཐག་འཇོག་པ་དང་། ལས་བཟོའི་བསམ་བློ་དང་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ། ལས་བཟོ་མང་ཚོགས་ཀྱི་ཁེ་དབང་སྲུང་སྐྱོང་དང་ཞབས་ཞུ་བྱེད་ཤུགས་ཆེ་རུ་གཏོང་བ། བཟོ་ཚོགས་སྒྱུར་བཅོས་གསར་གཏོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། འགན་འཁྲི་ཁུར་ཕོད་པ་དང་། ཧུར་བརྩོན་ཆེན་པོས་བརྩོན་ལེན་བྱེད་པ། བྱས་རྗེས་ཧུར་ཐག་འཇོག་པ། དངོས་འཛིན་དངོས་སྒྲུབ་བཅས་བྱས་ནས་དུས་རབས་གསར་པའི་རང་རྒྱལ་གྱི་བཟོ་པའི་ལས་འགུལ་གྱི་བྱ་གཞག་དང་བཟོ་ཚོགས་ལས་དོན་གྱི་རྣམ་པ་གསར་པ་གཏོད་དགོས་ཞེས་ནན་བཤད་གནང་བ་རེད།

ཞི་ཅིན་ཕིང་གིས་བཟོ་ཚོགས་ཀྱིས་ཏང་གི་བྱ་གཞག་ལ་ལྷག་བསམ་རྣམ་དག་བྱས་ཏེ་ལས་དོན་ཏན་ཏིག་ནུས་ལྡན་སྤེལ་བ་བརྒྱུད་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་བྱ་རྒྱུ་དེ་རྒྱ་ཆེའི་ལས་བཟོ་མང་ཚོགས་ཁྲོད་དོན་འཁྱོལ་ཐུབ་པ་བྱེད་དགོས་པ་དང་། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ནས“འདུ་ཤེས་བཞི”ཟབ་ཏུ་དང“གདེང་ཚོད་བཞི”བརྟན་དུ་བཏང་ནས་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་འགོ་ཁྲིད་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་ལངས་ཕྱོགས་དང་། ཆབ་སྲིད་ཀྱི་ཁ་ཕྱོགས། ཆབ་སྲིད་ཀྱི་རྩ་དོན། ཆབ་སྲིད་ཀྱི་འགྲོ་ལམ་བཅས་ཀྱི་ཐད་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་རྒྱུན་འཁྱོངས་བྱེད་དགོས་པ། སློབ་སྦྱོང་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་སྟེ་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་གསོ་སྦྱོང་གཏིང་ཟབ་བྱེད་པ་དང་། ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་མཛད་ཇུས་བཅས་ཐད་ཀྱི་ཆབ་སྲིད་ཀྱི་མོས་སེམས་དང་། བསམ་བློའི་མོས་སེམས། བརྩེ་སེམས་ཀྱི་མོས་སེམས་བཅས་ཆེ་རུ་གཏོང་བ། མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་དང་། ལྟ་བ། བྱེད་ཐབས་བཅས་ལ་བརྟེན་ནས་གནད་དོན་ལ་དབྱེ་ཞིབ་དང་ཐག་གཅོད་བྱེད་ནུས་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས་པ། བཟོ་པའི་གྲལ་རིམ་དང་བཟོ་ཚོགས་ལས་དོན་གྱི་རྣམ་བཤད་གལ་ཆེན་སྐོར་གྱི་ཏང་ཀྲུང་དབྱང་གི་དགོངས་དོན་གྱི་ངོ་བོར་གོ་བ་གཏིང་ཟབ་བླངས་ནས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་བཟོ་ཚོགས་ལས་ཀའི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཡོངས་སུ་དོན་འཁྱོལ་བྱེད་དགོས་པ། ཏང་གི་འདུན་པ་ལག་ལེན་བསྟར་བའི་བློ་བརྟན་འགྱུར་མེད་ཀྱི་རང་བཞིན་དང་ལས་བཟོར་ཞབས་འདེགས་ཞུ་བའི་དངོས་ཕན་རང་བཞིན་གཅིག་གྱུར་བྱས་ཏེ་ཏང་གི་ལམ་ཕྱོགས་དང་། མཛད་ཕྱོགས། སྲིད་ཇུས་བཅས་དང་ཐབས་ཇུས་བཀོད་སྒྲིག་དེ་བཟོ་ཚོགས་ཀྱི་ལས་དོན་ཁག་གི་ཁྲོད་དོན་འཁྱོལ་དང་ཏང་གི་འདུན་པ་དང་བཞེད་ཚུལ་རྒྱ་ཆེའི་ལས་བཟོའི་ཁྲོད་དོན་འཁྱོལ་བྱེད་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།

ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་བཏོན་པའི་དམིགས་ཚད་ལས་འགན་ལེགས་སྒྲུབ་བྱེད་པར་ངེས་པར་དུ་བཟོ་པའི་གྲལ་རིམ་གྱི་གཙོ་ཤུགས་དམག་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། རང་རྒྱལ་གྱི་རྒྱ་ཆེའི་ལས་བཟོས་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་འབད་འཐབ་བྱེད་པའི་དུས་རབས་ཀྱི་བརྗོད་དོན་གཙོ་བོ་ཁོང་དུ་བརྟན་པོ་ཆུད་དེ་རང་ངོས་ཀྱི་མདུན་ལམ་དང་ལས་དབང་དེ་རྒྱལ་ཁབ་དང་མི་རིགས་ཀྱི་མདུན་ལམ་དང་ལས་དབང་དང་དམ་པོར་སྦྲེལ་བ་དང་། མི་སྒེར་གྱི་ཕུགས་འདུན་དེ་ཀྲུང་གོའི་ཕུགས་འདུན་དང་དམ་པོར་སྦྲེལ་བ། ཏང་དང་རྒྱལ་ཁབ་ཀྱིས་གཏན་འཁེལ་གནང་བའི་འཕེལ་རྒྱས་ཀྱི་དམིགས་ཚད་དེ་རང་ཉིད་ཀྱི་རང་རྟོགས་བྱ་སྤྱོད་དུ་འགྱུར་བ་བཅས་བྱས་ཏེ་ལས་གཅེས་ལས་བཀུར་དང་རྩེ་གྲ་གཏོད་རྒྱུ་བརྩོན་ལེན་བྱས་ཐོག་འབད་འབུངས་ལྷོད་མེད་བྱེད་པར་བརྟེན་ནས་དུས་རབས་གསར་པའི་བརྗིད་ཆེའི་ལེའུ་བརྩམས་ཏེ་བདེ་སྐྱིད་ལྡན་པའི་འཚོ་བ་དང་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཐུན་མོང་ཐོག་གཏོད་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་འཛུགས་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་བསྐྲུན་པ་བཅས་བྱ་རྒྱུར་དམིགས་ནས་ལས་བཟོར“བདག་པོ་ཡག་པོ་བྱེད་པ་དང་དུས་རབས་གསར་པར་བྱས་རྗེས་འཇོག་དགོས”ཞེས་པ་བརྗོད་དོན་གཙོ་བོར་འཛིན་རྒྱུའི་ཁྲིད་སྟོན་བྱས་ཏེ་རིགས་ཁག་གི་རྩལ་འགྲན་བྱེད་སྒོ་གཏིང་ཟབ་སྤེལ་དགོས། ཐོན་ལས་བཟོ་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཤེས་ཡོན་རྣམ་པ་དང་། རྩལ་ནུས་རྣམ་པ། གསར་གཏོད་རྣམ་པ་བཅས་ཀྱི་ཐོན་ལས་བཟོ་པའི་དཔུང་ཁག་སྟོབས་ཆེན་ཞིག་མགྱོགས་མྱུར་བསྐྲུན་དགོས། ངལ་རྩོལ་དཔེ་བཟང་བ་ནི་མི་རིགས་ཀྱི་ཕུལ་བྱུང་མི་སྣ་དང་མི་དམངས་ཀྱི་མིག་དཔེ་རེད། རྒྱལ་ཁབ་ཆེན་པོའི་ལག་ཤེས་པ་ནི་ལས་བཟོའི་དཔུང་ཁག་ཁྲོད་ཀྱི་རྩལ་ནུས་མཐོ་བའི་ཤེས་ལྡན་པ་ཡིན་ཞིང་། བཟོ་ཚོགས་ཀྱིས་ཕྱོགས་ཁག་དང་མཉམ་ལས་བྱས་ཏེ་ངལ་རྩོལ་དཔེ་བཟང་བ་དང་རྒྱལ་ཁབ་ཆེན་པོའི་ལག་ཤེས་པའི་ནུས་པ་འདོན་སྤེལ་བྱ་ཆེད་ལས་སྟེགས་གཏོད་པ་དང་གོ་སྐབས་བསྐྲུན་ཐོག་ངལ་རྩོལ་དཔེ་བཟང་བ་དང་རྒྱལ་ཁབ་ཆེན་པོའི་ལག་ཤེས་པ་དེ་བས་མང་བ་སྐྱེད་སྲིང་བྱེད་དགོས་ཞེས་བསྟན་གནང་བ་རེད།

ཞི་ཅིན་ཕིང་གིས་ལས་བཟོ་མང་ཚོགས་ལ་ཁྲིད་སྟོན་བྱས་ཏེ་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་ཏེ་ཏང་གི་སྲིད་སྐྱོང་གི་གྲལ་རིམ་རྨང་གཞི་དང་མང་ཚོགས་ཀྱི་རྨང་གཞི་སྲ་བརྟན་གཏོང་རྒྱུ་དེ་བཟོ་ཚོགས་རྩ་འཛུགས་ཀྱི་ཆབ་སྲིད་འགན་འཁྲི་རེད། དུས་རབས་ལ་འགྱུར་ལྡོག་ཕྱིན་མོད། འོན་ཀྱང་མང་ཚོགས་ཀྱི་ཁྲོད་ནས་བླངས་ཏེ་མང་ཚོགས་ཀྱི་ཁྲོད་དུ་སྤེལ་བའི་ལས་ཀ་བྱེད་ཐབས་འགྱུར་ལྡོག་གཏོང་མི་རུང་། བཟོ་ཚོགས་ཀྱིས་དུས་བབ་གསར་པའི་ལས་འགན་གསར་པ་དང་བསྟུན་ནས་ལས་བཟོའི་བསམ་བློ་དང་ཆབ་སྲིད་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་བ་དང་མང་ཚོགས་སྒྲིག་འཛུགས་དང་། མང་ཚོགས་དྲིལ་བསྒྲགས། མང་ཚོགས་ལ་སློབ་གསོ་རྒྱག་པ། མང་ཚོགས་ལ་ཁྲིད་སྟོན་བྱེད་པ་བཅས་ཀྱི་ལས་དོན་མང་ཙམ་སྤེལ་བ་དང་། བསམ་བློ་གཅིག་གྱུར་དང་། མི་སེམས་གཅིག་སྒྲིལ། འགལ་ཟླ་སེལ་བ། བརྩེ་སེམས་ཟབ་གཏོང་། སྒུལ་ཤུགས་སྐུལ་སྤེལ་བཅས་ཀྱི་ལས་དོན་མང་ཙམ་སྤེལ་བ། གདེང་ཚོད་ཆེར་གཏོང་དང་། དམངས་སེམས་གཅིག་སྒྲིལ། མི་སེམས་དྲོས་པ་བཅས་དེ་བས་ཡག་པ་བྱས་ནས་རྒྱ་ཆེའི་ལས་བཟོས་ཕུགས་བསམ་དང་དད་སེམས་དང་། རིན་ཐང་གི་འདུ་ཤེས། ཀུན་སྤྱོད་ཀྱི་ལྟ་བ་བཅས་ཐད་མཐུན་སྒྲིལ་དམ་ཟབ་ཐུབ་པ་བྱེད་དགོས་པ་དང་། ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་ཞིང་པ་ལས་མི་བཟོ་ཚོགས་ནང་བསྡུས་ཏེ་ཁོང་ཚོ་བཟོ་པའི་གྲལ་རིམ་གྱི་བློ་རྩ་བརྟན་ལ་བློས་འགེལ་ཆོག་པའི་སྟོབས་ཤུགས་གསར་པར་གྱུར་བ་བྱེད་དགོས་པ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བས་ལས་བཟོར་ཁྲིད་སྟོན་བྱས་ཏེ“ཀྲུང་གོའི་ཕུགས་འདུན·ངལ་རྩོལ་གྱི་གཟི་བརྗིད”ཀྱི་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་ནས་སྐྱོན་བྲལ་ཤེས་དཔལ་དང་། དཔའ་ངར་ཆེར་བསྐྱེད། ལས་བཟོ་ཡོངས་ཞུགས་པ་བཅས་ཀྱི་ལས་བཟོའི་རིག་གནས་གཏོད་དགོས་པ། དྲ་ཐོག་ལས་དོན་སྤེལ་རྒྱུ་དེ་བཟོ་ཚོགས་ཀྱིས་ལས་བཟོར་འབྲེལ་གཏུག་བྱེད་པ་དང་ལས་བཟོར་ཞབས་འདེགས་ཞུ་བའི་ལས་སྟེགས་གལ་ཆེན་ལ་བརྩིས་ནས་བརྒྱུད་སྤེལ་ནུས་པ། ཁྲིད་སྟོན་ནུས་པ། ཤུགས་རྐྱེན་ནུས་པ་བཅས་ཆེ་རུ་གཏོང་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད། 

ཞི་ཅིན་ཕིང་གིས་བཟོ་ཚོགས་ཀྱིས་ལས་བཟོ་ལྟེ་བར་བྱས་པའི་ལས་ཀའི་སྟོན་ཕྱོགས་མཐའ་འཁྱོངས་བྱེད་དགོས་པ་དང་། ལས་བཟོ་དང་མང་ཚོགས་ཀྱིས་སེམས་ཁུར་ཆེ་ཤོས་བྱེད་པ་དང་། ཐད་ཀའི་འབྲེལ་བ་ཡོད་པ། ཆེས་དངོས་ཡོད་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ལ་དམ་འཛིན་བྱས་ནས་ལས་བཟོའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ནན་པོ་བྱེད་དགོས་པ་དང་ལས་བཟོ་དང་མང་ཚོགས་ལ་ལྷག་བསམ་ཟོལ་མེད་ངང་ཞབས་འདེགས་ཞུ་བའི་གཞི་རྩའི་འགན་འཁྲི་བསྒྲུབས་ཏེ་མང་ཚོགས་ཀྱི་འདུ་ཤེས་སེམས་ནང་བརྟན་པོར་འཛུགས་དགོས་པ་དང་། ས་ཆ་གང་ཞིག་གི་ལས་བཟོའི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་ཕོག་ཚེ་ས་ཆ་དེ་གའི་བཟོ་ཚོགས་ཀྱིས་ཡར་ལངས་ནས་སྐད་ཆ་ཤོད་རོགས་བྱེད་དགོས། གྲོང་ཁྱེར་གྱི་དཀའ་ངལ་ཡོད་པའི་ལས་བཟོའི་དཀའ་ངལ་སེལ་བ་དང་དཀའ་གནད་ལས་སྒྲོལ་བའི་ལས་དོན་ཡག་པོ་བསྒྲུབས་ཏེ་རྒྱུ་མཚན་མང་པོ་ཞིག་གིས་རྐྱེན་པས་དབུལ་པོར་བསྐྱར་ལོག་དང་དབུལ་པོ་ཆགས་པའི་ལས་བཟོར་དུས་ཐོག་ཏུ་རོགས་རམ་དང་རོགས་སྐྱོབ་བྱས་ཏེ་རྒྱ་ཆེའི་ལས་བཟོར་བཟོ་ཚོགས་ཀྱི་ཁྱད་ཆོས་ལྡན་པའི་ཀུན་ཕན་རང་བཞིན་དང་། རྒྱུན་རྣམ་རང་བཞིན། གནད་སྨིན་རང་བཞིན་བཅས་ཀྱི་ཞབས་འདེགས་ཞུ་དགོས་ཞེས་བསྟན་གནང་བ་རེད།

ཞི་ཅིན་ཕིང་གིས་བཟོ་ཚོགས་སྒྱུར་བཅོས་ནི་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་གྲུབ་ཆ་གལ་ཆེན་ཞིག་རེད། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་མང་ཚོགས་ཚོགས་པའི་རྩ་འཛུགས་སྒྱུར་བཅོས་ལ་བླང་བྱ་གསར་པ་བཏོན་ཡོད་པ་དང་། བཟོ་ཚོགས་ཀྱིས་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་འབྲེལ་གཏུག་རྒྱ་ཁྱབ་དང་བཟོ་ཚོགས་ལ་ཞབས་འདེགས་ཞུ་བའི་བཟོ་ཚོགས་ཀྱི་ལས་ཀའི་མ་ལག་འཛུགས་དགོས་པ་དང་། གཞི་རིམ་ལ་དམ་འཛིན་ནན་པོ་བྱེད་པའི་མངོན་གསལ་དོད་པའི་སྟོན་ཕྱོགས་བཏོད་དེ་མང་ཚོགས་ལ་མིག་ལྟ་བ་དང་གཞི་རིམ་ལ་ཁ་ཕྱོགས་རྒྱུ་མཐའ་འཁྱོངས་བྱས་ནས་སྟོབས་ཤུགས་དང་ཐོན་ཁུངས་གཞི་རིམ་དུ་གཟིགས་སྐྱོང་བྱེད་པ་དང་། རྒྱ་ཆེའི་ལས་བཟོ་ཏང་གི་མཐའ་འཁོར་དུ་གཅིག་སྡུད་བྱེད་དགོས་པ། བཟོ་ཚོགས་ལས་བྱེད་པའི་སློབ་གསོ་དང་། དོ་དམ། ལྟ་སྐུལ་བཅས་ལ་ཤུགས་སྣོན་བརྒྱབ་ནས་ལས་བཟོ་དང་མང་ཚོགས་ལ་འབྲེལ་གཏུག་བྱེད་པའི་ལམ་ལུགས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་། གཞི་རིམ་གྱི་འཐབ་ཕྱོགས་དང་པོར་བསྐྱོད་ནས་བརྟག་དཔྱད་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་པ་དང་། “སྤྱོད་ཚུལ་བཞི”དང་ལྷག་པར་དུ་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་མཐའ་གཅིག་ཏུ་བཀག་འགོག་བྱས་ཏེ་ལས་བཟོ་དང་མང་ཚོགས་ལ་བཟོ་ཚོགས་ནི་ལས་བཟོའི་ཁྱིམ་ཚང་ཡིན་པ་དང་བཟོ་ཚོགས་ཀྱི་ལས་བྱེད་པ་ནི་བློས་འཁེལ་ཤོས་ཀྱི་ནང་མི་དང་སྙིང་ཉེ་ཤོས་ཡིན་པ་དངོས་སུ་ཚོར་ཐུབ་པ་བྱེད་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།

ཞི་ཅིན་ཕིང་གིས་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་བློ་གཅིག་སེམས་གཅིག་གིས་བཟོ་པའི་གྲལ་རིམ་ལ་བརྟེན་པའི་ཏང་གི་མཛད་ཕྱོགས་ལག་བསྟར་བྱས་ཏེ་བཟོ་པའི་གྲལ་རིམ་གྱི་བདག་པོའི་གནས་བབ་འགན་ལེན་བྱེད་དགོས། བཟོ་ཚོགས་ཀྱི་ལས་དོན་ལ་ཏང་གིས་འགོ་ཁྲིད་རྒྱུར་ཤུགས་སྣོན་རྒྱག་པ་དང་ལེགས་སུ་བཏང་ནས་བཟོ་ཚོགས་ལས་དོན་ཁྲོད་ཀྱི་གནད་དོན་འགངས་ཆེན་ལ་ཞིབ་འཇུག་དང་ཐག་གཅོད་བྱེད་པ་དང་། བྱང་ཚད་མཐོ་བ་དང་ཆེད་ལས་ཅན་གྱི་བཟོ་ཚོགས་ཀྱི་ལས་བྱེད་དཔུང་ཁག་ཅིག་འཛུགས་རྒྱུར་སྐུལ་འདེད་བཏང་ནས་བཟོ་ཚོགས་ཀྱིས་བཅའ་ཁྲིམས་དང་སྒྲིག་ཡིག་གཞིར་བཟུང་གསར་གཏོད་རང་བཞིན་གྱི་སྒོ་ནས་ལས་དོན་སྤེལ་རྒྱུར་རྒྱབ་སྐྱོར་བྱེད་དགོས་ཞེས་བསྟན་གནང་བ་རེད།

(བསོད་བདེ་དང་བསོད་དཔའ་ཡིས་སྒྱུར་ཞུས་བྱས)

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།