དུས་ཚིགས་དང་པོ་ནས་གསུམ་པའི་བར་གྱི་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་ལ་དབྱེ་ཞིབ་དང་དུས་ཚིགས་བཞི་པའི་བཀོད་གཏོང་ཚོཌ་འདུ་འཚོཌ་པ།

བོད་ལྗོངས་ཉིན་རེའི་ཚགས་པར།

| 2018-10-29 18:34:02

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། དུས་ཚིགས་དང་པོ་ནས་གསུམ་པའི་བར་གྱི་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་ལ་དབྱེ་ཞིབ་དང་དུས་ཚིགས་བཞི་པའི་བཀོད་གཏོང་ཚོགས་འདུ་འཚོགས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ནོར་དཔལ་ཨུ་ལྷན་གྱི་ཚོགས་འདུ་ཐེངས་གསུམ་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་། སློབ་སྦྱོང་། ལག་བསྟར། དོན་འཁྱོལ་བཅས་བྱས་པ་དང་། དུས་ཚིགས་དང་པོ་ནས་གསུམ་པའི་བར་གྱི་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་བརྡ་ཁྱབ་བཏང་བ་མ་ཟད། གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་ཀྱང་བྱས་པ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་གཞིར་བཟུང་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་དང་། འཕེལ་ཕྱོགས་བཟང་པོ་སྲ་བརྟན་དང་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱས་ནས་སང་ལོའི་དཔལ་འབྱོར་ལས་དོན་ཡག་པོ་བསྒྲུབ་རྒྱུར་རྨང་གཞི་བརྟན་པོ་ཞིག་འདིང་དགོས་པའི་ནན་བཤད་གནང་བ་རེད།

ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྕགས་རྭ་བློ་བཟང་བསྟན་འཛིན་དང་ཧྲི་མོའུ་ཅུན་སོགས་ཚོགས་འདུར་ཕེབས་ཡོད་པ་རེད།

ཆེ་དགྲ་ལྷས་དུས་ཚིགས་དང་པོ་ནས་གསུམ་པའི་བར“ཐོན་ལས་ཆེན་པོ་བདུན”ལ་རིན་ཐང་འཕར་མ་སྒོར་དུང་ཕྱུར་581.37བྱུང་བ་དང་། སྐབས་བཞི་པའི་བོད་ལྗོངས་འགྲེམས་ཚོགས་ཐོག་གན་རྒྱ་བཞག་པའི་རྣམ་གྲངས་ཀྱི་སྤྱིའི་མ་འཇོག་སྒོར་དུང་ཕྱུར་540.82ཟིན་པ། རང་ལྗོངས་ཀྱི་ཡུལ་སྐོར་སྤུས་རྟགས་ཀྱི་སྐད་གྲགས་ཆོད་ཚད་དང་བསྔགས་བརྗོད་ཐོབ་ཚད་ཟམ་མི་ཆད་པར་ཆེ་རུ་སོང་ཡོད། ཚོང་འགུགས་མ་འདྲེན་ཐད་མ་དངུལ་སྒོར་དུང་ཕྱུར་448.97དམིགས་སར་འབྱོར་བ་དང་། དམངས་ཁྲོད་ཀྱི་མ་དངུལ་འཇོག་ཚད་དུས་མཚུངས་ལས་36.3%འཕར་བ། ཁྲོམ་རའི་བྱེད་པོ་གང་མགྱོགས་མང་དུ་སོང་ནས་ཚོང་དུད་ཁྲི་26.23ཟིན་པ་དང་། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་ཐབས་ལམ་ཟམ་མི་ཆད་པར་རྒྱ་ཆེར་ཕྱིན་ཡོད་ཅེས་གསུངས།

ཆེ་དགྲ་ལྷས་ནན་བཤད་གནང་དོན། ཀྲུང་དབྱང་གི་ཐུགས་ཁུར་དང་། པུའུ་ཨུད་ཀྱི་རྒྱབ་སྐྱོར། རྒྱལ་ཡོངས་ཀྱི་རོགས་སྐྱོར། དེ་བཞིན་ནུབ་རྒྱུད་ཐོན་འབྱེད་ཆེ་མོ་སོགས་ཀྲུང་དབྱང་གི་སྲིད་ཇུས་རབ་དང་རིམ་པའི་གོ་སྐབས་ལ་དམ་འཛིན་མྱུར་པོ་བྱས་ཏེ། སྒུལ་ཤུགས་གསར་རྙིང་བརྗེ་སྒྱུར་དང་། ལོ་འཁོར་གྱི་དམིགས་ཚད་འགན་འཁྲི ཕྱོགས་ཡོངས་ནས་ལས་གཏོད་ལས་ཞུགས་ལ་དམིགས་པ། རང་བྱུང་གནོད་འཚེ་སོགས་ཀྱི་འགྲན་སློང་ལ་ཁ་གཏད་ནུས་ལྡན་བཅག་སྟེ། བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། ཞིང་འབྲོག་པ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ལ་དམ་པོར་དམིགས་པ་དང་། ཞིང་འབྲོག་པའི་ངལ་ནུས་ལྷག་མ་གཞན་སྒྱུར་ལ་ཤུགས་སྣོན་བརྒྱབ་སྟེ། མང་ཚོགས་ཀྱི་ཡོང་འབབ་མང་དུ་གཏོང་དགོས། ས་གནས་སྲིད་གཞུང་གི་མངོན་མེད་བུ་ལོན་གྱི་ཉེན་ཁར་དོགས་ཟོན་དང་སེལ་བ་དང་། རྒྱལ་ཁབ་ཀྱིས་རང་ལྗོངས་ལ་གནང་བའི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་ཡག་པོ་སྤྱོད་པ་དང་། ལེགས་པར་སྤྱོད་པ། གནད་འཁེལ་སྤྱོད་པ་བཅས་བྱེད་དགོས། ཀྲུང་དབྱང་སྐོར་གཟིགས་ཚོགས་ཆུང་གིས་རང་ལྗོངས་སུ་དབུལ་སྒྲོལ་འགག་སྒྲོལ་གྱི་ཆེད་དོན་སྐོར་གཟིགས་བྱེད་པ་གོ་སྐབས་སུ་བཟུང་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་དྲག་པོ་འདི་ཡག་པོ་རྒྱག་པ་དང་རྒྱལ་ཁ་ལེན་དགོས། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱི་ཚུར་ལན་གནད་དོན་གྱི་དག་ཐེར་དོན་འཁྱོལ་ནན་ཏན་བྱས་ཏེ། འགྱིག་སྙིགས་ཀྱི་བཙོག་སྐྱོན་གནད་དོན་ཕྱོགས་ཡོངས་ནས་ཐག་གཅོད་བྱས་ཏེ་རྫོང་ཁོངས་ཀྱི་གད་སྙིགས་དང་བཙོག་ཆུ་གཙང་གསིང་གི་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་དགོས། དངོས་ཚན་དཔལ་འབྱོར་གྱི་སྟོན་ཕྱོགས་མངོན་གསལ་དོད་པོ་དང་། “ཐོན་ལས་ཆེན་པོ་བདུན”གྱི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བ། “དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི”ལས་དོན་མུ་མཐུད་ཡག་པོ་སྤེལ་བ། “དམངས་ཀྱིས་བྱ་གཞག་བསྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པའི”ལས་དོན་གཏིང་ཟབ་སྤེལ་བ། མང་ཚོགས་ཐོན་ལས་འཕེལ་རྒྱས་ལ་ཞུགས་པར་ཁྲིད་སྟོན་བྱེད་དགོས། འཕེལ་རིམ་མགྱོགས་སུ་བཏང་ནས་ཏང་ཀྲུང་དབྱང་གིས་ཐུགས་ཁུར་དང་གཟིགས་སྐྱོང་གནང་བའི་བོད་ཀྱི་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་དོན་འཁྱོལ་གནད་སྨིན་ཡོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། “གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་རྒྱུན་མཐུད་ཟབ་ཏུ་གཏོང་བ་དང་། “དྲ་སྦྲེལ+སྲིད་གཞུང་ཞབས་ཞུ”འཛུགས་སྐྱོང་ལ་སྐུལ་འདེད་མྱུར་པོ་གཏོང་བ། སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་རྒྱ་སྟོབས་མུ་མཐུད་ཆེ་རུ་གཏོང་བར་ལྕག་སྐུལ་དང་། རྒྱབ་སྐྱོར། ཁྲིད་སྟོན་བཅས་བྱེད་དགོས། རང་བྱུང་གནོད་འཚེར་དོགས་ཟོན་གྱི་གཙོ་གནད་རྣམ་གྲངས་ཆེན་པོ་བརྒྱད་ལག་བསྟར་ཤུགས་ཆེན་དང་། བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་དོན་འཁྱོལ། བདེ་འཇགས་ཐོན་སྐྱེད་ལ་ཤུགས་སྣོན་བཅས་བྱས་ནས་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱེད་དགོས།

(བསྟན་འཛིན་བློ་གྲོས་ཀྱིས་བསྒྱུར། དམ་ཆོས་མི་ཕམ་གྱིས་ཞུས)

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།