གཞུང་དོན་ཐིང་གཉིས་ཀྱིས་བསམ་འཆར་བཏོན་ནས་གྲོང་ཁྱེར་གྱི་བདེ་འཇགས་ཡར་རྒྱས་མ་ལག་འཛུགས་རྒྱུར་སྐུལ་མ་བཏང་བ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2018-01-09 12:05:00

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《གྲོང་ཁྱེར་གྱི་བདེ་འཇགས་ཡར་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》པར་འགྲེམས་བྱས་པའི་ནང་། བདེ་འཇགས་ཐོན་སྐྱེད་རྨང་གཞིར་བྱས་པའི་ཕྱོགས་བསྡུས་རང་བཞིན་དང་། ཕྱོགས་ཡོངས། མ་ལག་རང་བཞིན་བཅས་ལྡན་པའི་གྲོང་ཁྱེར་བདེ་འཇགས་ཡར་རྒྱས་མ་ལག་ཅིག་འཛུགས་རྒྱུར་སྐུལ་འདེད་བཏང་སྟེ་གྲོང་ཁྱེར་གྱི་བདེ་འཇགས་འགན་ལེན་གྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

རྒྱལ་ཁབ་བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱི་འབྲེལ་ཡོད་འགན་ཁུར་བས་ངོ་སྤྲོད་བྱས་དོན། བསམ་འཆར་ལ་གཞིགས་ཚེ། 2020ལོར་སླེབས་སྐབས། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་དམིགས་ཚད་དང་འཚམ་པའི་བདེ་འཇགས་ཡར་རྒྱས་ཀྱི་དཔེ་སྟོན་གྲོང་ཁྱེར་ཁག་གཅིག་བསྐྲུན་རྒྱུ་དང་། 2035ལོར་སླེབས་སྐབས། གཞི་རྩའི་ཆར་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དང་འཚམ་པའི་བདེ་འཇགས་ཡར་རྒྱས་ཀྱི་གྲོང་ཁྱེར་བསྐྲུན་རྒྱུ། མ་ལག་ལྡན་ཞིང་དེང་རབས་ཅན་གྱི་གྲོང་ཁྱེར་བདེ་འཇགས་འགན་ལེན་གྱི་མ་ལག་ཅིག་ཆགས་རྒྱུར་རྒྱུན་སྲིང་ལྷོད་མེད་ངང་སྐུལ་འདེད་བཏང་ནས་ལྟེ་བའི་གྲོང་ཁུལ་རྨང་གཞིར་བྱེད་པ་དང་། ཉེ་འཁོར་ལ་སྣེ་ཁྲིད་བྱེད་པ། རྫོང་དང་ཤང་ལ་ཁྱབ་འགྱེད་ཐུབ་པ། དམངས་འཚོར་ཕན་པ་འདོགས་པའི་བདེ་འཇགས་ཡར་རྒྱས་རྣམ་པའི་གྲོང་ཁྱེར་ཞིག་གཏོད་རྒྱུ་རེད།

འགན་ཁུར་བ་དེས། གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱིའི་འཆར་འགོད་དང་། གྲོང་ཁྱེར་གྱི་འཆར་འགོད། གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་གྲོང་ཁྱེར་ཕྱོགས་བསྡུས་ཀྱི་འཆར་འགོད་སོགས་ཆེད་དོན་འཆར་འགོད་ནན་ཞིང་ཞིབ་ཚགས་བཟོས་ནས་གྲོང་མིའི་འཚོ་བའི་ཁུལ་དང་། ཚོང་ལས་ཁུལ། དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ། བཟོ་ལས་ཁུལ། གྲུ་ཁའི་ཁུལ་བཅས་དང་དེ་བཞིན་བྱེད་ནུས་ཁུལ་གཞན་དག་གི་ཡུལ་དུས་བཀོད་སྒྲིག་བྱ་རྒྱུ་བདེ་འཇགས་ཡོང་བ་སྔོན་འགྲོར་བྱེད་པ་དང་། གྲོང་ཁྱེར་གྱི་སྡོད་ཁང་སྐྱོ་ཁུལ་དང་།

གྲོང་དབུས་ཀྱི་གྲོང་ཚོ། ཉེན་ཡོད་ཁང་པ་བཅས་སྒྱུར་བཀོད་བྱེད་རིང་གི་བདེ་འཇགས་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་གྲོང་ཁྱེར་འཛུགས་སྐྲུན་བྱ་ཡུལ་གྱི་ཁྲིམས་འགལ་འཛུགས་སྐྲུན་ལ་བཅོས་སྐྱོང་ནན་ཏན་བྱེད་པ། ཉེན་ཁ་ཆེ་བའི་ལས་རིགས་ཀྱི་ཁེ་ལས་གྲོང་ཁྱེར་ནས་དོན་ཏེ་གླིང་ནང་སྤོ་བ་དང་། གནས་སྤོས་སྒྱུར་བཀོད། ཕྱིར་འཐེན་ཐོན་སྒྱུར་རོགས་སྐྱོར་གྱི་བྱ་དགའ་སྤྲོད་པ་བཅས་ཀྱི་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་དགོས་ཞེས་བཤད།

འགན་ཁུར་བ་དེས། གྲོང་ཁྱེར་བདེ་འཇགས་ཀྱི་ཉེན་ཡོད་ཆ་འཕྲིན་དོ་དམ་ལས་སྟེགས་དང་འགྲུལ་བཞུད་ཆེ་མོར་ལྟ་ཞིབ་ཉེན་གཏོང་དང་འཕྲལ་སྡོམ་ཚོད་འཛིན་ཐག་གཅོད་ཀྱི་ལམ་སྲོལ་བཙུགས་ནས་བརྡ་ཆའི་བྱང་བུ་དང་། གློག་སྒྲོམ། ཐོག་ཁང་གི་གྱང་ཕྱིར་བསྒར་བའི་དངོས་པོ་བཅས་ཀྱི་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་ལོག་པ་དང་ཟག་པའི་དོན་རྐྱེན་ཐོན་རྒྱུ་སྔོན་འགོག་བྱེད་དགོས་པ་དང་། གྲོང་ཁུལ་རྙིང་ཁུལ་གྱི་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་ཁང་པ་ཐོག་བརྩེགས་མཐོན་པོའི་མེ་ཟོན་བདེ་འཇགས་གཉེར་སྐྱོང་བའམ་ཐོག་ཁང་དོ་དམ་པའི་ལམ་ལུགས་ལག་ལེན་བསྟར་ནས་རང་ངོས་ལྟ་འདོམས་ཀྱི་ལམ་སྲོལ་འཛུགས་དགོས་ཞེས་བཤད།

འགན་ཁུར་བ་དེས། གྲོང་ཁྱེར་གྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ས་ཁུལ་དེ་གའི་བདེ་འཇགས་ཐོན་སྐྱེད་ལས་ཀའི་འགོ་ཁྲིད་ཀྱི་འགན་འཁྲི་དང་ཏང་སྲིད་འགན་འཁུར་བ་གཙོ་བོའི་འགན་འཁུར་བ་དང་པོའི་འགན་འཁྲི་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་ཡོད་པའི་སྡེ་ཚན་དབར་གྱི་ལས་དོན་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་དགོས། སྒུལ་བདེའི་ཁྲིམས་འཛིན་དུད་སྣེ་དང་གློག་རྡུལ་གྱི་གྱོད་དོན་ཡིག་ཆ་སོགས་ཀྱི་བྱེད་ཐབས་གང་ལེགས་སྤྱད་དེ་ཁྲིམས་འཛིན་གྱི་ནུས་པ་མཐོ་རུ་བཏང་ནས་ཁྲིམས་འཛིན་ལས་གནས་ཀྱི་འགན་འཁྲིའི་ལམ་ལུགས་དང་དཔྱད་ཞིབ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།