བོད་ལྗོངས་ཉིང་ཁྲིའི་བི་ཤུའི་ལག་རྩལ་གྱི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་པ་ནོར།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-05-06 11:14:46

582227_yis_1546404406427.jpg

འདི་ནི་བི་ཤུའི་མདའ་རྩེ་ཡིན་པ།

582228_yis_1546404407269.jpg

འདི་ནི་བཟོས་ཚར་བའི་བི་ཤུ་ཡིན་པ།

པ་ནོར་གྱི་ཚོང་ཁང་དུ་བི་ཤུ་འདྲ་མིན་སྣ་ཚོགས་སྒྲིག་ཡོད་པ་དང་དེ་དག་ལས་མང་ཆེ་བ་ཁོང་གིས་ལོ་མང་རིང་ཉར་ཚགས་བྱས་པ་ཡིན། རྒྱུ་ཆ་འདེམས་པ་དང་། གཤག་པ། ཉག་ཤུར་འདོན་པ། ཨི་ཁུང་འབིཌ་པ། སྦྱར་ཁ་སྤྲོས་པ་སོགས་ཀྱི་བརྒྱུད་རིམ་ཚང་མ་བི་ཤུ་བཟོ་བའི་འགག་རྩའི་ལས་རིམ་རེད། ལས་ཀ་དེར་གཞོལ་ནས་ལོ་20ལྷག་ཙམ་སོང་བའི་པ་ནོར་གྱིས་སྔར་བཞིན་ལས་རིམ་ཚང་མར་གཟབ་ནན་ཆེན་པོ་བྱེད་ཀྱི་ཡོད།

པ་ནོར་ནི་བོད་ཀྱི་བི་ཤུ་ལག་རྩལ་གྱི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་ཞིག་ཡིན་པ་དང་། ལོ་20ལྷག་ཙམ་རིང་བི་ཤུ་བཟོ་བའི་ལག་རྩལ་ལ་ཞིབ་འཇུག་དང་ཁྱབ་གདལ་གྱི་ལས་ལ་གཞོལ་ནས་བི་ཤུའི་བཟོ་རྩལ་ཆེད་ལས་ཅན་དང་ལས་རིགས་ཅན་དུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་གི་ཡོད།

ཤིང་ལེབ་གཅིག་མདའ་རྩེར་སྐོན་པ་ལས་མདའ་འཕེན་སྐབས་སྙན་འཇེབས་ལྡན་པའི་སྒྲ་ཞིག་ཐོན་གྱི་ཡོད་པ་ནི་བོད་ལྗོངས་ཀྱི་ཡུལ་དེ་གའི་རྩལ་འགྲན་རོལ་རྩེད་ཀྱི་རྣམ་གྲངས་ཤིག་ཡིན་ཞིང་། བི་ཤུ་ནི་སྒྲ་ལྡན་མདའ་མོ་རེད། ཡུལ་དེར་སྤུས་ལེགས་ཀྱི་བི་ཤུ་བཟོ་མཁན་མང་པོ་མེད་པ་དང་། པ་ནོར་གྱིས་སྟོངས་ལ་ཉེ་བའི་བི་ཤུ་བཟོ་བའི་ལག་རྩལ་ཞིབ་འཇུག་དང་ཁྱབ་སྤེལ་ལ་གཞོལ་ནས་ལོ་20ལྷག་ཙམ་སོང་ཞིང་། ཁོང་གིས་བཟོས་པའི་བི་ཤུར་མི་རྣམས་ཀྱིས་ཧ་ཅང་དགའ་པོ་བྱེད་པ་མ་ཟད། ད་དུང་ཨ་རི་དང་སུའེ་ཙེར་སོགས་ས་ཆར་ཕྱིར་ཚོང་བྱེད་བཞིན་ཡོད། 2010ལོར་པ་ནོར་ཀོང་པོའི་བི་ཤུ་བཟོ་རྩལ་གྱི་རྒྱུན་འཛིན་པར་གྱུར་ཡོད།

བོད་ལྗོངས་ཉིང་ཁྲི་ནས་ཐོན་པའི་མཁྲེགས་ཤིང་དང་སྟར་ཤིང་སོགས་ཚང་མ་ནི་བི་ཤུ་བཟོ་བའི་ཤིང་ཆ་རེད། “བི་ཤུ་ཡག་པོ་ཞིག་བཟོ་བར་ཤིང་རིས་སྤུས་དག་ལ་མཛེས་པ་དང་ཤིང་རྒྱུ་མཁྲེག་པོ་དགོས་ཀྱི་ཡོད། དེ་འདྲ་བྱུང་ཚེ་མདའ་འཕེན་པའི་སྐབས་མདའ་ཤིང་གས་དཀའ་བས་རེད”པ་ནོར་གྱིས་ཤིང་ཆ་འདེམས་སྐབས་ཆ་རྐྱེན་ཧ་ཅང་ནན་ཞིང་། ཤིང་ཆ་ངེས་པར་དུ་བསིལ་གྲིབ་ཕོག་པའི་ཆ་ཤས་ཡིན་པ་ལས་ཤིང་སྡོང་གི་ཡལ་གའི་ཤིང་སྤྱོད་རྒྱུ་མེད།

ཤིང་ཆ་བདམས་ཚར་རྗེས་ཤིང་གཤགས་དགོས། བི་ཤུའི་སྤུས་ཚད་ཡག་ཉེས་ནི་ཆེ་ཆུང་དང་བཟོ་ལྟ་ལ་རག་ལུས། བི་ཤུ་ཆུང་བ་ཡོད་ན་ལྗིད་ཚད་ཀྱང་ཡང་བ་དང་རྒྱང་ཐག་རིང་པོ་འཕེན་ཐུབ་པས་རྩལ་འགྲན་ལ་འཚམ་པོ་ཡོད།

ཤིང་གཤགས་རྗེས་བི་ཤུའི་བཟོ་ལྟ་ཐོན་གྱི་ཡོད། དེ་རྗེས་ཉག་ཤུ་འདོན་སྐབས་བི་ཤུ་དེ་གཉིས་ལ་གཤགས་ནས་ཁོག་སྟོང་བཟོ་དགོས། པ་ནོར་གྱིས་ཤིང་རྐོ་བཞིན་དུ“བི་ཤུའི་ནང་ངོས་ཀྱི་བར་མཐོངས་དེ་སྒྲ་ལྡན་མདའ་མོའི་སྐད་སྒྲ་ཆེ་ཆུང་དང་འབྲེལ་བ་ཡོད”ཅེས་བཤད།

བི་ཤུ་བཟོ་བའི་བརྒྱུད་རིམ་ནང་དཀའ་ངལ་ཆེ་ཤོས་ཀྱི་ལས་རིམ་གང་ཞིག་ཡིན་ནམ་ཞེས་འདྲི་སྐབས་པ་ནོར་གྱིས“ཨི་ཁུང་འབིགས་རྒྱུ”དེ་ཡིན་ཞེས་འཕྲད་མར་བཤད།

བི་ཤུར་ཨི་ཁུང་འབིགས་པ་ནི་སྒྲ་ཐོན་ཆེད་ཡིན་པས་ཨི་ཁུང་འབིགས་ས་དང་། ཆེ་ཆུང་། ཁ་ཕྱོགས་བཅས་ལ་ཕྱོགས་བསྡུས་ཐོག་བསམ་གཞིག་བྱེད་དགོས། “ཨི་ཁུང་ཆེ་དྲགས་ན་མི་ཤུགས་ཆེན་གྱིས་འཕངས་ན་མ་གཏོགས་སྒྲ་ཐོན་དཀའ”བི་ཤུ་བཟོ་མཁན་མང་པོས་མདའ་འཕེན་མཁན་གྱི་ལུས་སྟོབས་ཆེ་ཆུང་ལ་དེ་ཙམ་བསམ་གཞིག་བྱེད་ཀྱི་མེད། འོན་ཀྱང་པ་ནོར་གྱིས་དེའི་ཐད་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད། ལྟད་མོ་བས་མདའི་སྒྲ་ཐོས་མིན་དེ་ཨི་ཁུང་གི་ཁ་ཕྱོགས་དང་འབྲེལ་བ་ཡོད་པས་ཨི་ཁུང་མདའ་རྩེར་ཕྱོགས་ན་ལྟད་མོ་བས་སྒྲ་གསང་པོ་ཐོས་ཐུབ།

ཉག་ཤུར་འདོན་སྐབས་གཉིས་སུ་གཤགས་དགོས་པ་དང་སྦྱར་ཁ་སྤྲོས་རྒྱུ་ནི་གལ་འགངས་ཆེན་པོའི་ལས་རིམ་ཞིག་རེད། “དེ་སྔ་སྤྱིན་སྤྱོད་པ་དང་། སྤྱིན་ཡག་པོ་མེད་ན་སྲུབ་ཁ་ཆེན་པོ་ལུས་པ་དང་ཁ་གས་སླ་པོ་ཡོད”ད་ཆ་བཟོ་རྩལ་འབྱར་རྩི་སྤྱོད་པས་ཁ་སྦྱར་བའི་བི་ཤུའི་སྲུབ་ཁ་མཐོང་རྒྱུ་མེད་ལ་ཁུངས་མཐུག་པོ་ཡོད་པ་རེད།

གོམ་སྟབས་མཐའ་མ་ནི་རྡར་བ་དང་ཚོན་གཏོང་བ་དེ་རེད། བཟོས་མ་ཐག་པའི་བི་ཤུའི་ཕྱི་ངོས་རྩུབ་པོ་ཡོད་པས་འཇམ་པོ་རྡར་དགོས་ཀྱི་ཡོད། དེ་རྗེས་ཚོན་གཏོང་གི་ཡོད་ཅེས་པ་ནོར་གྱིས་བཤད།

དུས་མཚམས་ཤིག་རིང་སྒྲ་ལྡན་བི་ཤུ་འཕེན་པའི་རྩལ་འགྲན་ཕྱི་རྒྱལ་དུ་ཉིན་རེ་ལས་མ་འདས་པར་དར་བཟོ་ཆེ་རུ་འགྲོ་གི་ཡོད། ཡིན་ནའང་བོད་ལྗོངས་ས་ཁུལ་དུ་རྒྱུན་འཛིན་པ་ཉུང་བ་དང་ཁྱབ་སྤེལ་བྱེད་རྒྱ་ཆུང་བའི་གནས་ཚུལ་ཐོན་ཡོད། ཉེ་བའི་ལོ་ཤས་རིང་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་གྱི་རྒྱབ་སྐྱོར་འོག་པ་ནོར་གྱིས་ཉིང་ཁྲིར་ཆེད་ལས་ཅན་གྱི་བི་ཤུའི་རྩལ་འགྲན་ཁུལ་ཞིག་བསྐྲུན་པ་དང་འབྲེལ་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་ཡིན་པའི་ངོས་ནས་སློབ་གྲྭའི་ནང་བི་ཤུ་བཟོ་སྟངས་སློབ་ཁྲིད་བྱས་ཡོད། “ངས་དགེ་རྒན་བྱེད་མྱོང་ཡོད། བི་ཤུའི་སྐོར་གྱི་ནང་དོན་སློབ་ཁྲིད་བྱེད་སྐབས་སློབ་མ་ཚོས་ཉན་རྒྱུར་དགའ་པོ་བྱེད་ཀྱི་འདུག མི་སྔར་བས་མང་བ་དེའི་ཁྲོད་ཞུགས་ཏེ་བི་ཤུ་བཟོ་བའི་ལག་རྩལ་སྔར་བས་ལེགས་པ་རྒྱུན་འཛིན་དང་དར་སྤེལ་ཐུབ་པའི་རེ་བ་ཡོད”ཅེས་ཁོང་གིས་བཤད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།