མངོན་མིན་རིག་གནས་ཤུལ་བཞག་ལས་སྣ་མང་ཕུན་སུམ་ཚོཌ་པའི་བོད་ལྗོངས་མངོན་པ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2017-07-05 12:02:35

QQ截图20170705114520.png

2006ལོར་བོད་རིགས་ཀྱི་ཤོག་བཟོའི་ལག་རྩལ་དེ་ཁག་དང་པོའི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་བཅུག་ཅིང་། འདི་ནི་ཁྲོམ་རའི་ཐོག་ཕྱིར་ཚོང་བྱེད་པའི་བོད་ཤོག་ཐོན་རྫས་ཡིན་པ།

ཉེ་ཆར། ལྷ་ས་གྲོང་ཁྱེར་གྱིས་གྲོང་ཁྱེར་རིམ་པའི་མཚོན་བྱེད་རང་བཞིན་གྱི་མངོན་མིན་རིག་གནས་ཤུལ་བཞག་ཁག་ལྔ་པའི་རྣམ་གྲངས་དངོས་སུ་ཡོངས་བསྒྲགས་བྱས་ཏེ་རྫོང་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་40གྲོང་ཁྱེར་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ལ་རིམ་སྤོར་བྱས་པ་དེ་དག་སྲོལ་རྒྱུན་གྱི་རོལ་དབྱངས་དང་། སྲོལ་རྒྱུན་གྱི་ལག་རྩལ། སྲོལ་རྒྱུན་གྱི་སྨན་རྫས། དམངས་སྲོལ་སོགས་རིགས་ཁག་ཆེན་པོ་བདུན་དང་འབྲེལ་བ་ཡོད་པས། མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་དེ་དག་ལས་རང་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སྣ་མང་ཅན་གྱི་རྣམ་པ་གང་ལེགས་མངོན་ཡོད།

འདམ་གཞུང་རྫོང་ནི་ལྷ་ས་གྲོང་ཁྱེར་གྱི་འབྲོག་ལས་རྐྱང་པའི་རྫོང་འབའ་ཞིག་ཡིན་ཞིང་། ནོར་ལུག་ནི་རྒྱ་ཆེའི་འབྲོག་པའི་མེད་དུ་མི་རུང་བའི་ཐོན་སྐྱེད་རྒྱུ་ཆ་ཞིག་རེད། དུས་རབས་གོང་མའི་ལོ་རབས་དྲུག་ཅུ་པ་ནས་བཟུང་འདམ་གཞུང་རྫོང་དུ་ཕྱུགས་རིགས་སྨན་པས་ཕྱུགས་ཟོག་ལ་སྟེར་བའི་བོད་སྨན་བཟོས་ནས་ནོར་ལུག་དང་རྟའི་རིམས་ནད་འགོག་བཅོས་བྱེད་ཀྱི་ཡོད་པས། རྫོང་དེ་ཡོངས་ཀྱི་བོད་སྨན་གྱི་ཕྱུགས་རིགས་སྨན་པའི་ཁྲོད་སྐད་གྲགས་ཆོད་ཡོད།

བསྡོམས་རྩིས་ལ་གཞིགས་ན། ཕྱུགས་ཟོག་ལ་སྟེར་བའི་སྲོལ་རྒྱུན་བོད་སྨན་གྱི་སྨན་རྒྱུའི་40%ས་ཆ་དེ་ག་ནས་ཐོན་གྱི་ཡོད། ཕྱུགས་ཟོག་ལ་བོད་སྨན་སྟེར་ཡུལ་ཡངས་པ་ཅན་གྲོང་རྡལ་དུ་ཕྱུགས་ཕྲུག་གསོན་ཚད་99.8%ཟིན་པ་དང་། ཕྱུགས་ཟོག་གཞན་དག་འཆི་ཚད་0.04%ནང་ཚོད་འཛིན་ཐུབ་པ། དཔྱིད་ཀ་དང་སྟོན་ཀར་རིམས་འགོག་སྨན་ཁབ་རྒྱག་ཚད་100%ཟིན་ནས་ཕྱུགས་ཟོག་གི་རིམས་འགོག་དང་སྨན་བཅོས་ཀྱི་ནུས་པ་ཐོན་ཡོད། ཡངས་པ་ཅན་གྱི་ཕྱུགས་ཟོག་ལ་བོད་སྨན་སྟེར་བའི་སྲོལ་རྒྱུན་གྱི་བཅོས་ཐབས་དང་མཚོན་བྱེད་རང་བཞིན་གྱི་སྨན་བཅོས་ལག་རྩལ་པ་ལྷ་སའི་གྲོང་ཁྱེར་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་བཅུག་པ་དེས། ཕྱུགས་ཟོག་ལ་བོད་སྨན་སྟེར་སྟངས་དང་བཟོ་སྟངས་སྲུང་སྐྱོང་གི་ནུས་པ་ཆེ་རུ་སོང་བ་དང་ད་ཡོད་ཀྱི་བོད་སྨན་སྦྱོར་སྡེབ་དང་སྨན་ལུགས་མཐུན་ངང་སྤྱོད་རྒྱུར་ཕན་ཐོགས་བྱུང་ཡོད།

ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་གི་ས་ཆ་ཁག་གཅིག་ལ་བོད་ཀྱི་བཙན་པོའི་སྐབས་ནས་དར་བའི་གནའ་བོའི་བྱིས་པའི་དུས་ཆེན་ལོ་ལྟར་གྱི་བོད་ཟླ་11པའམ་ཡང་ན་བོད་ཟླ་12པའི་ཚེས་15ཉིན་གཏོང་སྲོལ་ཡོད་པ་ད་དུང་ཡང་ཉམས་མེད། ཉིན་དེར་ཁྱིམ་ཚང་སོ་སོས་གྲ་སྒྲིག་རྒྱས་པོ་བྱས་པའི་ཟས་རིགས་དང་ལག་རྟགས་འཁྱེར་ནས་མཉམ་དུ་འཛོམས་ཏེ་ཕྲུ་གུ་ཚོ་གནམ་གྱི་ལྷ་དང་སྐར་མ་ལྟ་བུར་བརྩིས་ནས་གནའ་བོའི་གཞས་བཏང་སྟེ་ཁོང་ཚོར་སྨོན་ལམ་འདེབས་ཀྱི་ཡོད།

ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་གི་ས་ཆ་ཁག་གཅིག་ཏུ་བྱིས་པའི་དུས་ཆེན་གཏོང་སྲོལ་ཡོད་པའི་སྐོར་ལོ་རྒྱུས་ནང་གསལ་པོ་འཁོད་མེད་ཀྱང་། དུས་ཆེན་ལ་ཡོང་མཁན་མང་ཆེ་བ་ལྷུན་གྲུབ་རྫོང་གི་ཉེ་འཁོར་གྲོང་ཚོའི་བྱིས་པ་ཡིན་ཞིང་། ཁོང་ཚོས་ཉིན་དེར་སྒོར་གཞས་འཁྲབ་པ་དང་། དཔལ་འབར་དབྱུག་པ། ཁ་ལག་བཟོ་བ་སོགས་བྱེད་པར་བརྟེན་བྱིས་པའི་དུས་ཆེན་ཞེས་གྲགས། བྱིས་པའི་དུས་ཆེན་གཏོང་སྲོལ་མི་རབས་ནས་མི་རབས་བརྒྱུད་ད་ལྟའི་བར་མི་ཉམས་པར་བྱིས་པ་ཚོ་ཆུང་དུས་ནས་མཉམ་དུ་འཚོ་བ་སྐྱེལ་བ་དང་། རིག་གནས་བྱེད་སྒོ་དང་སྤྱི་པའི་ལས་ཀར་ཞུགས་པའི་སྤྲོ་སེམས་འཕེལ་བ། བྱིས་པའི་བློ་རིག་སྤྱང་དུ་འགྲོ་བར་ཕན་ཐོགས་ཡོད་པ་དེས་ཁོང་ཚོར་ཆུང་དུས་ནས་གཞན་ལ་ཡ་རབས་གུས་ཞབས་ཤེས་པའི་གོམས་གཤིས་བཟང་པོ་འཇགས་པ་བྱས་ཏེ་བྱིས་པའི་ལུས་སེམས་བདེ་ཐང་ཡོང་བར་དོན་སྙིང་ཆེན་པོ་ལྡན་ཡོད།

“སྤྱི་ཚོགས་འཕེལ་རྒྱས་སོང་བ་དང་ཆབས་ཅིག ལག་ཐོགས་ཁ་པར་སོགས་འཕྲིན་གཏོང་རོལ་རྩེད་ཡོ་བྱད་ཁྱབ་གདལ་བྱུང་ནས་སྲོལ་རྒྱུན་རིག་གནས་ཀྱི་དམངས་སྲོལ་རྣམ་གྲངས་ལ་འགྲན་སློང་ཆེན་པོ་འཕྲད་བཞིན་ཡོད། ད་ཆ་གྲོང་ཚོ་མང་པོར་དུས་ཆེན་དེ་གཏོང་སྲོལ་ཉམས་ཡོད་ནའང་ལྷུན་གྲུབ་རྫོང་ལྕང་ཤར་ཤང་སྐྱིད་ལུང་གྲོང་ཚོའི་ཡུལ་མི་ཚོས་སྲོལ་རྒྱུན་གྱི་བྱིས་པའི་དུས་ཆེན་དེའི་རྒྱུན་བསྐྱངས་ནས་མུ་མཐུད་གཏོང་གི་ཡོད། ཡིན་ནའང་ལོ་ན་གཞོན་པའི་ཡུལ་མི་ཕྱིར་ལས་མི་བྱེད་པར་འགྲོ་བ་དང་མ་དངུལ་ཡང་དེ་ཙམ་མང་པོ་མེད་པ་སོགས་ཀྱི་རྐྱེན་གྱིས་དམངས་སྲོལ་བྱེད་སྒོའི་ནང་ཞུགས་མཁན་གྲོང་མི་རིམ་བཞིན་གཏོང་ཉུང་དུ་འགྲོ་བཞིན་ཡོད”ཅེས་སྲོལ་རྒྱུན་བྱིས་པའི་དུས་ཆེན་གྱི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཀྱི་འགན་འཁུར་བ་བསོད་ནམས་ཆོས་དར་གྱིས་ངོ་སྤྲོད་བྱས།

སྲོལ་རྒྱུན་གྱི་བྱིས་པའི་དུས་ཆེན་དེ་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་གི་རྫོང་རིམ་པའི་མཚོན་བྱེད་རང་བཞིན་གྱི་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་ནང་བཅུག་རྗེས། སྤྱི་ཚོགས་ལས་རིགས་ཁག་གི་སེམས་བཟང་ཅན་ཚོའི་རོགས་རམ་ཐོབ་པ་དང་སྲིད་ཇུས་ནས་ཀྱང་སྲུང་སྐྱོབ་ཐུབ་ཡོད། གྲོང་ཚོ་དེ་གས་ཀྱང་ཆེད་དོན་སྒྲིག་གཞི་བཙུགས་ནས་བྱིས་པའི་ཟས་རིགས་དང་རྩེད་ཆས་ཀྱི་བདེ་འཇགས་འགན་ལེན་བྱེད་པ་མ་ཟད། ལོ་གསུམ་ནང་བྱིས་པའི་དུས་ཆེན་སྐོར་གྱི་བརྙན་ཕབ་དཔྱད་གཞི་དཔེ་སྐྲུན་དང་འགྲེམས་སྤེལ་བྱས་ནས་བྱིས་པའི་དུས་ཆེན་གྱི་ཤུགས་རྐྱེན་ཆེ་རུ་བཏང་སྟེ་དམངས་སྲོལ་རྣམ་གྲངས་དེ་སྔར་བས་དུས་རབས་དང་མཐུན་པ་བྱེད་བཞིན་ཡོད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།