ལོ་ངོ་སྟོང་ཕྲག་བརྒྱུད་པ་ཡི། དེང་གི་གནའ་གྲོང་སྔར་བས་མཛེས།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2017-02-20 15:21:55

QQ截图20170220151821.png

འདི་ནི་རྒྱལ་རྩེ་རྫོང་དུ་གནས་པའི་དཔལ་འཁོར་ཆོས་སྡེའི་སྒོ་མང་མཆོད་རྟེན་ཡིན་པ།

རང་ལྗོངས་སུ་གནའ་བོའི་གྲོང་ཁྱེར་དང་གྲོང་ཚོ་མང་ལ། དེ་དག་ལས་ལོ་རྒྱུས་ཀྱི་འཕེལ་རིམ་མངོན་པར་མཚོན་པ་དང་། ལྷག་པར་དུ་ཀྲུང་གོ་གསར་བ་དབུ་བརྙེས་པ་ནས་བཟུང་། རྒྱལ་ཁབ་དང་སྲིད་གཞུང་གིས་རྒྱབ་སྐྱོར་འོག་ཏུ་སྔ་རྗེས་སུ་ཉམས་གསོ་དང་བསྐྱར་སྐྲུན་གནང་མཐར། དེང་གི་ཆར་ཡང་ས་མཐོ་འདི་རུ་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་མཆིས།

ལོ་རྒྱུས་རིག་གནས་ཀྱི་གྲགས་ཅན་གྲོང་རྡལ་གྱི་མཚན་སྙན་ཐོབ་པའི་རྒྱལ་རྩེར་རྒྱུན་རིང་བའི་ལོ་རྒྱུས་དང་འོད་སྟོང་འཕྲོ་བའི་རིག་གནས་ཀྱི་རྗེས་ཤུལ་ཡོད་པ་མ་ཟད། དེ་སྔའི་བོད་ཀྱི་གྲོང་ཁྱེར་གསུམ་པའི་མཚན་སྙན་ཡོད་ལ། བོད་ཀྱི་གནའ་བོའི་ཚོང་ལམ་བསྡུས་མདོ་གལ་ཆེན་ཞིག་ཀྱང་རེད། རྒྱལ་རྩེར་ངོ་མཚར་ཆེ་བའི་དཔལ་འཁོར་ཆོས་སྡེ་དང་། ཕ་ལྷ་གཞིས་ཀ རྫོང་རིའི་དབྱིན་འགོག་གནའ་ཤུལ་བཅས་ཡོད་པས། 1994ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་ཀྱི་ཐེངས་གསུམ་པའི་ལོ་རྒྱུས་རིག་གནས་ཀྱི་གྲགས་ཅན་གྲོང་རྡལ་གྱི་མཚན་སྙན་སྤྲད་པ་རེད།

རྒྱལ་རྩེ་ནི་ཕོ་བྲང་རྒྱལ་མཁར་རྩེའི་བསྡུས་མིང་ཡིན་ཞིང་། ཡར་ཀླུང་གཙང་པོའི་ཡན་ལག་མྱང་ཆུ་གཙང་པོའི་གཡས་ངོས་སུ་གནས་པ་དང་རྫོང་མཁར་བཙུགས་ནས་མི་ལོ་600སོང་ཡོད། ས་གནས་དེ་ནི་དེ་སྔ་ས་སྐྱ་དང་། གྲོ་མོ། འབྲས་ལྗོངས། འབྲུག་ཡུལ་བཅས་ལ་སྐྱོད་སའི་ལམ་མདོར་འཁེལ་བས་ལོ་རྒྱུས་ཐོག་ཚོང་པ་དང་ཡུལ་སྐོར་བ་འདུ་འཛོམས་བྱ་ཡུལ་ཞིག་ཡིན་ལ། ལྷ་ས་དང་གཞིས་རྩེ་གཉིས་ཀྱི་འབྲེལ་ཟམ་དུ་གྱུར་པའི་བོད་ཀྱི་གནས་ཡུལ་གལ་ཆེན་ཞིག་རེད།

དུས་རབས་14པའི་དུས་འགོར་བསྐྲུན་པའི་རྫོང་རིའི་མཁར་རྫོང་ནི་རྫོང་རིའི་རི་སྐེད་ནས་རྩེ་མོ་བར་རི་དཔྱད་ལ་བལྟས་ནས་བསྐྲུན་པའི་ཕོ་བྲང་པོ་ཏ་ལ་དང་ཆ་འདྲ་བས་པོ་ཏ་ལ་ཆུང་བ་ཡང་ཟེར་སྲོལ་ཡོད། ས་གནས་དེ་གའི་དམངས་ཁྲོད་ཀྱི་ཤོད་སྲོལ་ལ་གཞིགས་ན། རྫོང་མཁར་དེ་ཕོ་བྲང་པོ་ཏ་ལ་དང་ཆ་མཚུངས་པ་ཞིག་སྐྲུན་ཆེད་མི་སྣ་ཆེད་གཏོང་བྱས་རུང་ཕོ་བྲང་པོ་ཏ་ལའི་འཛུགས་སྐྲུན་གྱི་ས་ཁྲ་མ་རག་སྟབས། བཟོ་སྐྲུན་ཆེ་མོ་བས་ལ་ཕུག་བརྐོས་ནས་འདྲ་བཟོ་བྱས་ཏེ་འཁྱེར་ཡོང་། བོད་ཀྱི་མཁའ་རླུང་སྐམ་ཤས་ཆེ་བས་རྒྱལ་རྩེར་སླེབས་སྐབས་ལ་ཕུག་སྐམ་པོར་གྱུར་ཏེ་རྫོང་རིའི་མཁར་རྫོང་གི་གཞི་ཁྱོན་ཆུང་ངུ་ཆགས་པའི་ཤོད་སྲོལ་ཡོད། རྫོང་རིའི་མཐོ་ཚད་ལ་རྒྱ་མཚོའི་ངོས་ལས་སྨི་4181ཡོད་ཅིང་། མཁར་རྫོང་ནང་རྫོང་གི་གཞུང་ལས་སྒྲུབ་ས་དང་། མཆོད་ཁང་། ལྷ་ཁང་དང་མཛོད་ཁང་སོགས་ཡང་འདུག གཟར་ཚད་ཆེ་བའི་རྡོ་སྐས་བརྒྱུད་ནས་རྩེ་མོར་འཛེག་ཆོག་པ་དང་མཁར་རྫོང་ཧྲིལ་པོ་གྱང་གིས་བསྐོར་ཡོད་ལ། གྱང་གི་ནང་ངོས་སུ་མཆོད་རྟེན་དཀར་པོ་དང་ཚོས་གཞི་སྣུམ་པའི་ལྷ་ཁང་ཡང་ཡོད། མཁར་རྫོང་གི་གྱང་མཐུག་ལ་མཐོ་བ་དང་། སྒེའུ་ཁུང་ཧ་ཅང་ཆུང་ཆུང་བཟོས་ཡོད། མཁར་རྫོང་གི་རྩེ་མོར་འཛེགས་ན་ཕྱོགས་བཞི་མཚམས་བརྒྱད་མཐོང་ཐུབ་པས་སོ་ལྟ་བྱ་ཡུལ་ལེགས་པོ་ཞིག་རེད། ད་ཆ་མཁར་རྫོང་དེར་ཡོད་པའི་མངོན་གསལ་དོད་ཤོས་ནི་མེ་སྒྱོགས་འཇོག་སྟེགས་ཀྱི་རྗེས་ཤུལ་དང་། མདེའུ་ཕོག་ཤུལ་གྱིས་ཁེངས་པའི་གྱང་རོ། དབྱིན་འགོག་བཀོད་འདོམས་པུའུ་ཡི་སྡོད་གནས་བཅས་རེད།

1904ལོའི་ཟླ་5པའི་ཟླ་སྟོད་དུ་དབྱིན་ཇིས་རྒྱལ་རྩེར་བཙན་འཛུལ་བྱས་པས། རྫོང་རིའི་སྟེང་དུ་དམག་དམངས་མཉམ་སྒྲུབ་ཀྱིས་མེ་སྒྱོགས་འཇོག་ས་བསྐྲུན་པ་དང་བོད་མདའ་དང་། ལག་འབོམ། གྲི་སོགས་གྲ་སྒྲིག་བྱས་ནས་ཉིན་མཚན་གསུམ་དམར་འཛིང་དྲག་པོ་བྱས་མཐར། མང་སྣེ་ཉུང་གིས་མ་བརྟེན་པར་རྒྱལ་ཁ་ཤོར་བ་དང་། ཤི་ཡང་དགྲ་ལ་མགོ་མི་སྒུར་བའི་ཆོད་སེམས་བརྟན་པོས་འཐབ་འཛིང་པ་ལྷག་མ་རྣམས་རྫོང་རིའི་གཡང་གཟར་ནས་མཆོངས་ཏེ། ཚེ་སྲོག་དང་ཁྲག་དྲོན་ལ་བརྟེན་ནས་དཔའ་ཉམས་ལྡན་པའི་དབྱིན་འགོག་ལོ་རྒྱུས་གསར་རྩོམ་བྱས་པ་རེད། 1961ལོར་རྫོང་རིའི་དབྱིན་འགོག་རྗེས་ཤུལ་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པར་གཏན་འཁེལ་བྱས་པ་དང་1996ལོར་ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡིས་རྒྱལ་ཡོངས་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་བརྒྱའི་གྲས་སུ་བཅུག་པ་རེད།

མི་རྣམས་གཙང་ཁུལ་དུ་སྐྱོད་སྐབས། དགོན་པའི་ནང་མཆོད་རྟེན་ཡོད་པ་དང་། མཆོད་རྟེན་གྱི་ཁྲོད་དུ་དགོན་པ་གནས་ཤིང་། དགོན་པ་དང་མཆོད་རྟེན་གཅིག་ལ་གཅིག་རྟེན་དུ་གནས་པའི་རྒྱལ་རྩེའི་དཔལ་འཁོར་ཆོས་སྡེ་མི་མཇལ་ཐབས་མེད་ཡིན་ཅིང་། སྐུ་འབུམ་ཆེ་མོ་བཀྲ་ཤིས་སྒོ་མང་མཆོད་རྟེན་དེ་ནི་རྒྱལ་རྩེའི་ཆོས་རྒྱལ་རབ་བརྟན་ཀུན་བཟང་འཕགས་དགུང་ལོ་སུམ་ཅུ་སོ་དགུ་སྟེ། སྤྱི་ལོ་1427ལོར་ཡུམ་གྱི་དགོངས་རྫོགས་སུ་དམིགས་ནས་ཐོག་མའི་རྨང་བཏིང་ནས་བསྐྲུན་པ་ཞིག་ཡིན་པ་དང་། མཐོ་ཚད་ལ་སྨི་32ཡོད་པའི་བང་རིམ་བུམ་པ་དང་བཅས་བརྗིད་ཉམས་ཀྱིས་ཕྱུག་ཅིང་། ལྷ་ཁང་77དང་། སྒོ་108 སྐུ་འབུམ་དང་ལྡན་པའི་མཆོད་རྟེན་འགྲན་པའི་ཟླ་དང་བྲལ་བ་ཞིག་ཡིན་ལ། ད་བར་སྲུང་སྐྱོབ་ལེགས་ཤོས་བྱུང་བའི་མཆོད་རྟེན་གྱི་རྒྱལ་པོ་ལྟ་བུ་ཞིག་ཀྱང་རེད།

ཕ་ལྷ་གཞིས་ཀ་ནི་བོད་ཀྱི་སྐུ་དྲག་ཆེ་ཁག་ཕ་ལྷ་ཁྱིམ་རྒྱུད་ཀྱི་མ་གཞིས་ཡིན་ཞིང་། མིང་ཆ་ཚང་ལ་ཕ་ཇོ་ལྷ་ཁང་ཟེར། དེ་རྒྱལ་རྩེ་རྫོང་གྲོང་གི་ལྷོ་ཕྱོགས་ཀྱི་སྤྱི་ལེ་2ཀྱི་སར་གནས་ཡོད་པ་དང་། སྤྱིའི་འཛུགས་སྐྲུན་གྱི་རྒྱ་ཁྱོན་སྨི་ངོས་གྲུ་5357་ཡོད་པ་རེད། 1994ལོར་བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་ཕ་ལྷ་གཞིས་ཀ་ལྗོངས་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པར་བཞག་པ་དང་། 1996ལོར་ལྗོངས་ཡོངས་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིར་བདམས། 2012ལོར་རྒྱལ་ཡོངས་ཀྱི་རིག་དངོས་སྲུང་སྐྱོབ་སྡེ་ཚན་དུ་ཚུད་ཡོད། ཕ་ལྷ་གཞིས་ཀ་ནི་མིག་སྔར་སྲུང་སྐྱོབ་ལེགས་ཤོས་བྱུང་བའི་སྐུ་དྲག་གི་གཞིས་ཀ་ཞིག་ཡིན་པས། རྩ་བའི་ཆ་ནས་དེ་སྔའི་རྣམ་པ་རང་སོར་གནས་ཡོད།

ཕ་ལྷ་གཞིས་ཀ་ནི་ལོ་ངོ་400ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི་གནའ་བོའི་སྐུ་དྲག་གི་ཁྱིམ་རྒྱུད་ཅིག་ཡིན་ཞིང་། ཁྱིམ་རྒྱུད་དེའི་མིས་བོད་ས་གནས་སྲིད་གཞུང་གི་རྩིས་དཔོན་དང་། མདའ་དཔོན། མགྲོན་གཉེར་ཆེ་མོ་སོགས་ཀྱི་གོ་གནས་འཁུར་མྱོང་ཡོད། དུས་རབས་བཅུ་དགུ་པའི་དུས་མཇུག་ཏུ་སླེབས་སྐབས། ཕ་ལྷ་ཁྱིམ་རྒྱུད་ལ་གཞིས་ཀ་37དང་། ས་ཞིང་མུའུ་ཁྲི་1.5ལྷག་ཙམ། འབྲོག་ར་12ལ་ཕྱུགས་ཟོག་མགོ་གྲངས་14000དང་། ཞིང་བྲན་3000ལྷག་ཙམ་བཅས་ཡོད་པས། བོད་ཀྱི་སྐུ་དྲག་ཆེ་ཁག་12གྱི་གྲས་ཤིག་རེད། གཞིས་ཀ་དེར་ཤག་འཁོར་དང་བཅས་ཐོག་བརྩེགས་གསུམ་ཡོད་པའི་ནང་ཚོམས་ཆེན་དང་། མགྲོན་ཚོམས་ཁང་། ཆོས་ཁང་། ན་བཟའ་ཁང་། ནང་བཟན་སྡོད་ས་ལེ་ལག་དང་བཅས་པར་ཁྱོན་ཁང་མིག་82ཡོད། ཕ་ལྷ་གཞིས་ཀའི་རྩ་ཆེའི་དཔེ་ཆ་སོགས་ཉར་ཚགས་ལེགས་པོ་བྱུང་ཡོད་པ་དང་། གཟིམ་ཁང་ནང་གསེར་དངུལ་ཟངས་ཆས་མང་པོ་ཡོད་ལ། འགྲེམས་ཁང་དུ་སྐབས་དེའི་གཞིས་ཀའི་སྦྱིན་བདག་གིས་ལུས་པའི་ཟས་རིགས་དང་ལྟོ་སྣོད་རྩ་ཆེན་ཡོད་ལ། གྲགས་ཅན་ཆུ་ཚོད་དང་། ཐ་མག ཨ་རག སྨན་རྫས། གནས་ཐང་ཆེ་བའི་གྱོན་གོས། ད་དུང་འདྲ་པར་གསུམ་སོགས་ཡོད་པ་དག་ལས། སྐབས་དེའི་རྒྱས་སྤྲོས་ཀྱི་འཚོ་བའི་རྣམ་པ་ཟབ་མོ་དག་དེང་གི་མི་རྣམས་ལ་ངོ་སྤྲོད་བྱེད་པ་དང་གཉིས་སུ་མེད། ཕ་ལྷ་གཞིས་ཀ་གནས་ཡུལ་དཔལ་འབྱོར་ལྷུན་པོ་གྲོང་ཚོ་ཡང་གནའ་ཉམས་དོད་ལ་ཡུལ་གྱི་བཀོད་པ་ལེགས་པ་དང་དེང་རབས་ཀྱི་ཉམས་འགྱུར་ཟབ་པས། 2015ལོར་རྒྱལ་ཁབ་ནས་བོད་ཀྱི་དེང་རབས་གྲོང་གསར་གྱི་མཚན་སྙན་སྤྲད་པ་རེད།

རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4020ཙམ་གྱི་སར་ཆགས་པའི་རྒྱལ་རྩེ་ནི་ལོ་རྒྱུས་ཐོག་ཚོང་ལས་དར་ཁུལ་ཞིག་ཡིན་པ་མ་ཟད། མི་རིགས་ལག་ཤེས་བཟོ་ལས་དར་ཁྱབ་ཆེན་པོ་ཡོད་པའི་ཁྲོད། རྒྱལ་རྩེའི་བོད་རུམ་ནི་འཛམ་གླིང་གི་གྲགས་ཅན་རུམ་གྱི་ཐོན་རྫས་གསུམ་གྱི་ཡ་གྱལ་ཞིག་རེད། ད་དུང་ལོ་ངོ་600ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཞིང་། རྟ་རྒྱུག་མདའ་འཕེན་གཙོ་བོར་བྱེད་པའི་རྒྱལ་རྩེའི་མདའ་མང་ནི། དེ་བས་མིང་གྲགས་ཆེ་ལ་ངོ་མཚར་ཅན་གྱི་དུས་ཆེན་ཞིག་རེད། དེས་མ་ཚད་རྒྱལ་རྩེར་ལྷ་མོ་དང་ཞབས་བྲོའི་རྣམ་གྲངས་ཀྱང་ཕུན་སུམ་ཚོགས་པོ་ཡོད།

མདོར་ན། མྱང་སྟོད་ཤེལ་དཀར་རྒྱལ་རྩེ་ནི་གནའ་ཤུལ་རིག་དངོས་མང་ལ་མི་རྣམས་ཀྱི་ཡུལ་སྲོལ་བཟང་པོར་གནས་པས། 2014ལོར་ཀྲུང་གོའི་རྫོང་མཛེས་ཤོས་ཀྱི་གྲས་སུ་ཚུད་པའི་གཏམ་བཟང་དེ་ནི་དཔའ་བོའི་མི་དམངས་ཚོར་བདག་པའི་གཡང་རྩེའི་སྟེང་གི་ཡས་སྒྲོན་ཞིག་རང་རེད། ད་ཆ་ཡུལ་སྐོར་དར་ཁྱབ་ཆེ་བའི་དུས་རབས་འདིར། ལོ་རྒྱུས་ཐོག་ཏུ་རིག་གནས་ཤུལ་བཞག་མང་བའི་རྒྱལ་རྩེ་ནི་བོད་དུ་ཡུལ་སྐོར་བྱེད་མཁན་གྱི་གདམ་ག་གཙོ་བོ་ཞིག་ཏུ་གྱུར་ཡོད་དེ། སྤྱི་ལོ་2015ལོར་ཆ་བཞག་ན། རྫོང་དེར་ཡུལ་སྐོར་བྱེད་མཁན་མི་ཐེངས་ཁྲི་ཚོ་8.45ཟིན་པ་དང་སྣེ་ལེན་ཡོང་འབབ་སྒོར་ཁྲི་ཚོ་2915.3ཟིན་པ་ནི། གནའ་བོའི་ཡུལ་ལུང་དེའི་ལོ་རྒྱུས་རིག་གནས་ཀྱིས་དེང་གི་མི་རྣམས་ལ་གཏོད་པའི་དཔལ་འབྱོར་གྱི་ཕན་འབྲས་ཤིག་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།