དབུལ་སྒྲོལ་བྱས་ནས་འབྱོར་འབྲིང་བསུ།

བོད་ལྗོངས་ཉིན་རེའི་ཚགས་པར།

| 2018-05-16 10:30:44

དཔྱིད་ཟླ་གསུམ་པའི་ཁ་བ་བབས་པའི་ཞོགས་པ་ཞིག་ལ་ལོ་ཆེན་རྣམ་ཀུན་ལྟར་སྔ་པོ་ནས་ལངས་རྗེས་རང་ཁྱིམ་གྱི་བོད་ཕག་30ལྷག་ལ་ཕག་ལྟོ་སྟེར་བར་ཕྱིན།

ལོ་ཆེན་གྱིས“དང་ཐོག་ང་ཚོའི་ནང་ལ་བོད་ཕག་50ལྷག་ཙམ་ཡོད། ལོ་གསར་མ་ཤར་གོང་བོད་ཕག་རེར་སྒོར་1000བྱས་ནས་ཕག་པ་མགོ་གྲངས་20བཙོངས་པ་ཡིན”ཞེས་བཤད།

ཕག་ཕྲུག་ལ་ལྟོ་སྟེར་རྗེས་ལོ་ཆེན་གྱིས་ལམ་ཞོར་དུ་སྔོ་ཚལ་དྲོད་ཁང་དུ་ཕྱིན།

ན་ནིང་ལོ་ཆེན་གྱིས་དངུལ་ཁང་ནས་སྒོར་ཁྲི་5གཡར་ཏེ་ཕག་ཕྲུག་ཉོས་པ་ཕུད། ད་དུང་སྔོ་ཚལ་དྲོད་ཁང་ཞིག་བརྒྱབ་ནས་དེའི་ནང་པད་ཚལ་དང་། ཙོང་། ཤིས་ཀྭ། ཀྲོ་མ་ཀྲུའུ་སོགས་བཏབ་ཡོད་པ་རེད། ལོ་ཆེན་གྱིས་སྔོ་ཚལ་བཏབ་ནས་རང་ཉིད་ཀྱིས་སྤྱོད་པ་ཕུད། ལྷག་མ་རྣམས་ཁྲོམ་རའི་ཐོག་བཙོངས་ནས་ཁྱིམ་གྱི་འགྲོ་སོང་ཡོང་ཐབས་བྱེད་ཀྱི་ཡོད།

ལོ་ཆེན་སྐོར་བརྗོད་སྐབས། གྲོང་ཚོའི་གྲོང་མི་ཚོས་ཁོང་ནི་ལས་ལ་བརྩོན་ཤོས་དང་འགྱུར་ལྡོག་ཆེ་ཤོས་བྱུང་བའི་གྲོང་མི་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད།

2016ལོའི་གོང་། ཁོང་ནི་གྲོང་ཚོའི་དུད་ཚང་དབུལ་པོ་ཡིན་པ་དང་ནང་མི་དྲུག་པོ་ཚང་མ་ལོ་ཆེན་དང་གཟུགས་པོ་ཡག་པོ་མེད་པའི་བཟའ་ཟླ་མི་གཉིས་ལ་བརྟེན་དགོས་ཀྱི་ཡོད།

སྔར་སོང་ལ་དྲན་གསོ་བྱེད་སྐབས། ལོ་ཆེན་གྱིས་སེམས་སྡུག་ཆེན་པོས“སྐབས་དེ་དུས་འཚོ་བ་དངོས་གནས་སྐྱོ་པོ་རེད་མ་ཟད། ང་ད་ལྟ་ནང་བཞིན་ཕྱུག་པོ་ཆགས་ཀྱི་རེད་ནམ་ཡང་བསམས་མྱོང་མེད” ཅེས་བརྗོད།

“དབུལ་སྐྱོར་བྱས་ན་སྔོན་ལ་བློ་སྐྱོར་བྱེད་དགོས། ལོ་ཆེན་གྱིས་མ་འོངས་པའི་འཚོ་བར་ཡིད་ཆེས་མེད་པ་ནི་དེ་སྔའི་དཀའ་སྡུག་ཆེ་བའི་འཚོ་བ་སྐྱེལ་དྲགས་པས་རེད། ང་ཚོས་ཐབས་ཤེས་བཏང་ནས་ཁོ་པས་ཐག་གཅོད་བྱེད་མི་ཐུབ་པའི་གནད་དོན་ཐག་གཅོད་བྱེད་རོགས་བྱས་ཏེ་ཁོ་པའི་ཕྱུག་འགྱུར་ཐུབ་ངེས་ཀྱི་ཡིད་ཆེས་དང་ཆོད་སེམས་བརྟན་པོ་འཛུགས་དགོས”ཞེས་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་དང་གྲོང་སྡོད་ལས་དོན་རུ་ཁག་གི་རུ་མི་ཚོས་གང་ཐུབ་ཅི་ཐུབ་ཀྱིས་ལོ་ཆེན་ལ་རོགས་རམ་བྱས།

ལོ་ཆེན་ཁྱིམ་གྱི་འཚོ་བའི་ཁུར་པོ་ཡང་དུ་ཕྱིན་རྗེས། ལོ་ཆེན་གྱི་བསམ་བློ་ཡང“གཞན་འགུལ”ནས“རང་འགུལ”དུ་འགྱུར་ལྡོག་ཕྱིན་ཡོད་པ་རེད།

ཁོང་གིས་སོ་སོའི་ལག་རྩལ་གྱི་ལེགས་ཆར་བརྟེན་ནས་རང་ཉིད་ལ་འཚམ་པའི་དབུལ་སྒྲོལ་ཕྱུག་འགྱུར་གྱི་ལམ་ཞིག་ག་ལེར་བཏོད་པ་སྟེ། བོད་ཕག་གསོ་ཚགས་དང་སྔོ་ཚལ་དྲོད་ཁང་གཉེར་བ་རེད།

ལོ་ཆེན་དབུལ་སྒྲོལ་བྱུང་ནའང་། གྲོང་ཚོའི་ནང་ད་དུང་གྲོང་མི་དབུལ་པོ་མང་པོར་ཕྱུག་འགྱུར་གྱི་ཐབས་ལམ་ཡག་པོ་ཞིག་མེད་པར་བརྟེན། ལོ་ཆེན་གྱིས་གྲོང་ཚོའི་སྐུལ་སློང་ལྟར་གྲོང་ཚོའི་སྔོ་ཚལ་མཉམ་ལས་ཁང་ནང་ཧུར་ཐག་ཞུགས་པ་དང་ལག་རྩལ་གྱི་མཛུབ་ཁྲིད་པ་བྱས་ཤིང་། རྣམ་པ་དང་སྤུས་ཚད་གཉིས་ཀྱི་ཁྲོམ་རའི་འགྲན་རྩོད་ནུས་པ་ལྡན་པའི་སྔོ་ཚལ་བཏབ་པས་མདའ་རྟ་གྲོང་ཚོའི་སྔོ་ཚལ་དྲོད་ཁང་ལ་ཁེ་བཟང་རག་པ་དང་གྲོང་མི་ཚོའང་འབབ་འཕར་ཕྱུག་འགྱུར་བྱུང་ཡོད། ན་ནིང་ལོ་ཆེན་གྱི་ཁྱིམ་དང་གྲོང་ཚོ་དེ་གའི་དུད་ཚང་50ཙམ་གྱི་གྲོང་མིས་མ་རྐང་ནང་ཞུགས་ནས་མཉམ་ལས་ངལ་རྩོལ་བྱས་པས། ལོ་ཕྱེད་ནང་དུད་ཁྱིམ་རེར་ཡོང་འབབ་སྒོར་སུམ་སྟོང་ནས་བཞི་སྟོང་བྱུང་བ་རེད།

ལོ་ཆེན་གྱིས་དཀའ་སྡུག་བཟོད་ཐུབ་པ་དང་། རང་དཔེ་གཞན་སྟོན། མང་ཚོགས་ལ་རོགས་རམ་བཅས་བྱས་སྟབས་མང་ཚོགས་ཕལ་པ་ཞིག་ནས་དཔེ་དམག་ཏང་ཡོན་ཞིག་ཏུ་གྱུར་པ་དང་། 2017ལོའི་སྐབས་བརྗེའི་འདེམས་བསྐོའི་ནང་ལོ་ཆེན་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གསར་པའི་ཁོངས་མིར་བདམས་པ་དང་། གྲོང་ཚོའི་སྒྲིག་བཤེར་ཨུ་ཡོན་དང་། དྲིལ་བསྒྲགས་ཨུ་ཡོན། བདེ་འཇགས་མཐུན་སྦྱོར་ཨུ་ཡོན་བཅས་སུ་གྱུར།

གྲོང་ཚོའི་ལས་བྱེད་པར་བདམས་རྗེས། ལོ་ཆེན་གྱི“གྲོང་ཚོའི་ནང་གི་དུད་ཁྱིམ་དབུལ་པོ་ཕྱུག་པོ་ཆགས་རྒྱུར་སྣེ་ཁྲིད་བྱེད་པའི”བསམ་པ་སྔར་བས་ཆེ་རུ་སོང་། “ད་ལོར་ངས་ད་དུང་མུ་མཐུད་སྔོ་ཚལ་འདེབས་འཛུགས་རྟེན་གཞིའི་ལག་རྩལ་མཛུབ་ཁྲིད་པ་བྱ་རྒྱུ་མ་ཟད་གྲོང་མི་རྣམས་དང་མཉམ་དུ་ངལ་རྩོལ་བྱས་ནས་ཐུན་མོང་ཐོག་ཕྱུག་འགྱུར་དང་འབྱོར་འབྲིང་དུ་སླེབས་པར་བྱ་རྒྱུའང་ཡིན།”

དུད་ཁྱིམ་དབུལ་པོ་ནས་ཕྱུག་འགྱུར་སྣེ་ཁྲིད་པ་དང་། མང་ཚོགས་ཕལ་པ་ནས་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མི། སྒྱིད་ལུག་དང་ཧུར་སེམས་མེད་པ་ནས་ལས་བརྩོན་གདེང་ཚོད་ཡོད་པ་བཅས་སུ་གྱུར་པའི་ལོ་ཆེན་གྱི་འགྱུར་ལྡོག་་ཀུན་གྱིས་མཐོང་ཡོད། “ལོ་ཆེན་དངོས་གནས་ཡག་པོ་འདུག ཁོང་ནི་ང་ཚོའི་མིག་དཔེ་ཡིན་ལ་ང་ཚོས་ཡུན་རིང་སློབ་སྦྱོང་བྱ་ཡུལ་ཡང་ཡིན”ཞེས་གྲོང་མི་རྣམས་ཀྱིས་ད་ཆའི་ལོ་ཆེན་ལ་ཁས་ལེན་གང་ལེགས་བྱེད་ཀྱི་ཡོད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།