ཚོང་དོན་ལམ་ལུགས་སྒྱུར་བཅོས་བྱས་པས་ལས་གཏོད་ཀྱི་ཚ་རླབས་འཕྱུར། ཟླ་5ཚེས་31ཉིན་བར་ལྗོངས་ཡོངས་ཀྱི་ཁྲལ་དོན་ཐོ་འགོད་དུད་ཚང་ཁྲི་15.96བར་མང་དུ་ཕྱིན་པ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2017-07-05 12:05:22

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། གསར་འགོད་པར་རང་སྐྱོང་ལྗོངས་རྒྱལ་ཁྲལ་ཅུས་ནས་ཤེས་རྟོགས་བྱུང་གསལ། རང་ལྗོངས་ཀྱིས་ཚོང་དོན་ལམ་ལུགས་སྒྱུར་བཅོས་བྱས་ཚུན་གཉེར་འཚོང་ཁོར་ཡུག་སྔར་བས་ལེགས་སྒྲིག་དང་གསར་དར་ཁེ་ལས་འབྲིང་ཆུང་གོང་འཕེལ་ཡོང་བར་གོ་སྐབས་བཟང་པོ་དང་འཕེལ་རྒྱས་ཀྱི་བར་མཐོངས་ཆེན་པོ་བྱུང་སྟེ་དམངས་ཁྲོད་ཀྱི་ལས་གཏོད་སྤྲོ་སེམས་དང་ཁེ་ལས་ཀྱི་གསོན་ཤུགས་རིམ་བཞིན་འཕེལ་ཏེ་ཁྲོམ་རའི་བྱེད་པོ་གང་མྱུར་འཕར་བ་རེད། ཟླ་5ཚེས་31ཉིན་བར་ལྗོངས་ཡོངས་ཀྱི་ཁྲལ་དོན་ཐོ་འགོད་དུད་ཚང་ཁྲི་15.96བར་འཕར་ནས་ལྷ་ས་གྲོང་ཁྱེར་གྱིས་ལྗོངས་ཡོངས་ཀྱི་ཐོ་འགོད་དུད་ཚང་བསྡོམས་འབོར་གྱི་42.54%བཟུང་ཡོད་པ་རེད།

རང་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་རྒྱལ་ཁབ་ཀྱི“དམངས་ཀྱིས་བྱ་གཞག་སྐྲུན། ཀུན་གྱིས་གསར་གཏོད་བྱེད”“དྲ་སྦྲེལ་+”སོགས་ཀྱི་འཐབ་ཇུས་དང་བྱ་ཐབས་རབ་དང་རིམ་པའི་ནུས་པ་མང་པོར་བརྟེན་ནས་རང་ལྗོངས་ཀྱི་ཁྲལ་ཁུངས་ལོ་རེ་བཞིན་ཇེ་མང་དུ་འགྲོ་བའི་རྣམ་པ་ཐོན་བཞིན་ཡོད། 2014ལོ་ནས་2016ལོ་བར་རང་ལྗོངས་ཀྱི་ཁྲལ་འཇལ་དུད་ཚང་ཁྲི་9.03དང་། ཁྲི་11.37 ཁྲི་14.99བཅས་ཡིན་པ་དེ་ལོ་གོང་མ་ལས་27.07%དང་། 25.8% 30.1%བཅས་སོ་སོར་མང་དུ་ཕྱིན་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། རང་ལྗོངས་ཀྱི་ཁྲལ་ཁུངས་ཐད་གཤམ་གསལ་གྱི་ཁྱད་ཆོས་མངོན་པ་སྟེ། ཁྲལ་ཁུངས་གཅིག་སྡུད་བྱེད་ཚད་མཐོ་བ་དང་ཁྲལ་ཁུངས་ཀྱི་གྲུབ་ཆ་ཉིན་བཞིན་དོ་སྙོམས་བྱུང་བ་དེ་རེད། ལྗོངས་ཡོངས་ཀྱི་ཁྲལ་ཁུངས་ཕལ་ཆེ་བ་ལྷ་ས་གྲོང་ཁྱེར་དུ་གཅིག་སྡུད་བྱས་ཡོད་པ་དང་ཐོ་འགོད་དུད་ཚང་གིས་ལྗོངས་ཡོངས་ཀྱི་ཐོ་འགོད་དུད་ཚང་བསྡོམས་འབོར་གྱི་42.54%བཟུང་ཡོད་པ་རེད། ཁྲལ་ཁུངས་གཙོ་བོ་སྡེབ་འཚོང་དང་སིལ་འཚོང་ལས་རིགས་དང་། བོགས་གཏོང་དང་ཚོང་དོན་ཞབས་ཞུའི་ལས་རིགས། དེ་བཞིན་འཛུགས་སྐྲུན་ལས་རིགས་བཅས་ཀ་རྟེན་ལས་རིགས་ཆེ་གྲས་གསུམ་དུ་གཙོ་གནད་ཐོག་གཅིག་སྡུད་བྱས་ཡོད་པ་རེད།

2016ལོའི་ཁྲལ་བསྡུའི་ཡོང་འབབ་ལེགས་སྒྲུབ་བྱ་ཚུལ་ལ་བལྟས་ན་ལྷ་ས་གྲོང་ཁྱེར་དང་། ལྷ་སའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ། རང་སྐྱོང་ལྗོངས་རྒྱལ་ཁྲལ་ཅུས་ཐད་གཏོགས་ཁྲལ་དོན་ཡན་ལག་ཅུས་བཅས་གསུམ་གྱིས་བསྡུས་པའི་ཚན་པའི་མཛོད་འཇུག་ཁྲལ་དངུལ་གྱིས་ལྗོངས་ཡོངས་ཀྱི་ཁྲལ་འབབ་བསྡོམས་འབོར་གྱི་65%ཡན་བཟུང་བ་དང་ཐོན་ལས་གསུམ་པས་77.57%ཟིན་པའི་ཁྲལ་བསྡུའི་ཡོང་འབབ་ལེགས་སྐྱེལ་ཕུལ་ཡོད། དེ་དང་ཕྱོགས་མཚུངས་རང་ལྗོངས་ཀྱི་ཁྲལ་འཇལ་དུད་ཚང་དེ་གཙོ་བོ་མི་སྒེར་གྱི་བཟོ་ཚོང་དུད་ཚང་དང་ཕྲན་ཚེགས་ཁེ་ལས་ལས་གྲུབ་ཡོད། སྤྱིར་བཏང་གི་ཁྲལ་འཇལ་དུད་ཚང་ཁྲི་0.49ཟིན་པ་དེས་བཟུང་ཚད་3.08%ཙམ་ལས་མེད་པ་དང་། ཚན་པའི་ཁྲལ་འཇལ་དུད་ཚང་ཁྲི་4.58ཟིན་པ་དེས་བསྡུར་ཚད་ཀྱི་28.71%བཟུང་བ། མི་སྒེར་གྱི་བཟོ་ཚོང་དུད་ཚང་ཁྲི་11.38ཟིན་པ་དང་དེའི་ནང་ཐོག་མའི་དཔྱ་ཁྲལ་བསྡུ་ཡུལ་ཡན་གྱི་མི་སྒེར་གྱི་བཟོ་ཚོང་དུད་ཚང་ཁྲི་0.39ཟིན་པ་དེས་བསྡུར་ཚད་ཀྱི་3.43%བཟུང་ཡོད་པ་རེད།


རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།