གྲ་ནང་རྫོང་གི་ཕྱུག་འགྱུར་སྣེ་ཁྲིད་པ་དཔལ་འབྱོར་གྱི་སྐོར་བཀོད་པ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2014-12-18 00:15:14

“ཁོང་ནི་ང་ཚོའི་གྲོང་ཚོའི་སྦྱིན་བདག་ཆེན་པོ་ཞིག་དང་སེམས་རྩ་འཁོལ་བའི་མི་ཞིག་ཡིན་པ་དང་།ང་ཆུང་དུས་ཁྱིམ་ཚང་དབུལ་བར་བརྟེན་སློབ་གྲྭར་སྐྱོད་ཐབས་བྲལ་སྐབས་ཁོང་གི་རོགས་རམ་འོག་སློབ་གྲྭ་ཆེ་མོ་་བསྐྱོད་པའི་ཕུགས་བསམ་གྲུབ་སོང”ཞེས་གྲོང་ཚོའི་ནང་གི་སློབ་ཆེན་ཐོན་པའི་སློབ་མ་ཞིག་གིས་བཤད།

དཔལ་འབྱོར་ནི་གྲ་ནང་རྫོང་གྲ་ཕྱི་ཤང་ནོར་སྟོད་གྲོང་ཚོ་ལྔ་པའི་གྲོང་མི་ཡིན་པ་དང་།གྲོང་ཚོའི་ནང་གི་ཁྱིམ་དར་ཕྱུག་འགྱུར་གྱི་དཔེ་མཚོན་ཞིག་ཡིན་ཞིང་།ཁོང་བརྩོན་ཞིབ་བྱེད་རྒྱུར་དགའ་བ་དང་ལག་རྩལ་ཤེས་ཁར་གྲོང་ཚོའི་ནང་གི་ཤིང་འཛུགས་འཇོན་ཐང་ཅན་ཞིག་རེད།ལས་གཏོད་ཀྱི་མྱོང་ཚོར་སྐོར་གླེང་སྐབས་དཔལ་འབྱོར་གྱིས“1983ལོར་ངས་རླངས་འཁོར་གཏོང་སྟངས་སྦྱོང་འགོ་ཚུགས་པ་དང་།1984ལོར་རླངས་འཁོར་ཞིག་ཉོས་ནས་སྐྱེལ་འདྲེན་བྱེད་འགོ་བཙུགས་པ་ཡིན།1990ལོ་ནས་བཟུང་གྲོང་མི་ཁྲིད་དེ་ས་ཁུལ་ནགས་ལས་ཅུས་སུ་ཤིང་འཛུགས་བཟོ་པ་བྱས་པ་ཡིན”ཞེས་འཛུམ་དམུལ་དམུལ་ངང་བཤད།

སྡོང་ཕྲུག་འདེབས་འཛུགས་ཀྱི་ལས་ཀ་བྱེད་མྱོང་ཡོད་པར་བརྟེན་2004ལོ་དང་2005ལོར་ས་ཁུལ་ནགས་ལས་ཅུས་ཀྱི་རོགས་རམ་འོག་དཔལ་འབྱོར་གྱིས་ནོར་སྟོད་གྲོང་ཚོར་སྔ་རྗེས་སུ་མ་དངུལ་སྒོར་ཁྲི་60བཏང་ནས་སྡོང་ཕྲུག་མུའུ་30བཏབ་པ་རེད།2008ལོར་སྡོང་ཕྲུག་རྣམས་འཚོང་འགོ་བཙུགས་ཤིང་2009ལོར་ཁྲོམ་རར་བྲིན་ཚད་མང་དུ་ཕྱིན་པ་དང་བསྟུན་ནས་2005ལོར་བཏབ་པའི་སྡོང་ཕྲུག་ཚང་མ་བྲིན་ནས་ཆ་སྙོམས་བྱས་ན་ལོ་རེར་ཡོང་འབབ་སྒོར་ཁྲི་40རག་ཡོད་པ་རེད།

དེང་སྐབས་དཔལ་འབྱོར་ཁོང་གང་སར་སྐད་གྲགས་ཡོད་པའི་ཤིང་འཛུགས་འཇོན་ཐང་ཅན་ཞིག་རེད།ཁོང་རང་ཉིད་ཀྱི་སྐད་ཆ་དྲངས་ཏེ་བཤད་ན།ཤིང་འཛུགས་པ་ནི་མི་རབས་ནས་མི་རབས་བར་ཕན་ཐོགས་པའི་བྱ་བ་ཞིག་ཡིན་པ་དང་དེས་དངུལ་རག་པ་དང་ཁོར་ཡུག་སྲུང་སྐྱོང་བྱེད་ཐུབ་པ་མ་ཟད།མཐའ་འཁོར་གྱི་མི་རྣམས་ཕྱུག་འགྱུར་བྱེད་རྒྱུར་བཀོད་སྒྲིག་ཀྱང་བྱེད་ཐུབ།ལོ་ཤས་རིང་དཔལ་འབྱོར་དང་མཉམ་དུ་ལས་ཀ་བྱེད་མྱོང་བའི་བློ་བཟང་གིས་གསར་འགོད་པར“དེ་སྔ་ཕྱིར་དངུལ་རག་ཐབས་བྱེད་པར་སྐྱོད་འདོད་ཡོད་ཀྱང་ལག་རྩལ་མེད་པར་བརྟེན་ལས་ཀ་ཚང་མ་དུས་ཡུན་ཐུང་ཞིང་ལས་ཀ་ཁག་པོ་ཁོ་ན་རེད།དཔལ་འབྱོར་དང་མཉམ་དུ་ཕྱིན་རྗེས་ལས་ཀ་བརྟན་པོ་རག་པ་མ་ཟད།ལོ་ལྟར་རིན་པ་མི་དགོས་པར་སྡོང་ཕྲུག་འདེབས་སྟངས་སྦྱོང་ཆོག་གི་འདུགད་ལྟ་ཟླ་རེར་གླ་ཆ་སྒོར་6000ལྷག་ཙམ་ཡོད་པ་དང་།ཚོང་ཡག་པོ་བྱུང་ན་ལོ་མཇུག་ཏུ་བྱ་དགའ་སྒོར་8000ནས་10000བར་སྤྲོད་ཀྱི་འདུག”ཅེས་བཤད།

ཐོབ་པའི་གྲུབ་འབྲས་སྐོར་གླེང་སྐབས་དཔལ་འབྱོར་གྱིས“2013ལོ་བར་སྡོང་ཕྲུག་མུའུ་260དང་།ཤིང་སྣ་150ལྷག་ཙམ།ལས་དོན་མི་སྣ་68བཅས་ཡོད་པ་དང་ད་ལྟ་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་40ནས་50བར་ཡོང་གི་འདུག”ཅེས་དགའ་སྤྲོའི་ངང་བཤད།

དེང་སྐབས་དཔལ་འབྱོར་གྱིས་གཞུང་ལམ་འགྲམ་དུ་ཐོག་བརྩེགས་གཉིས་ལྡན་གྱི་སྤྲོ་ཁང་ཞིག་བརྒྱབ་པ་དང་།འཇིབ་ཆུང་རླངས་འཁོར་ཉོས་པ།འཚོ་བ་ཡག་པོ་སྐྱེལ་བ།བྱ་གཞག་ལ་ཡང་འབྲས་བུ་ཐོབ་པ་བཅས་རེད།འབྱུང་འགྱུར་གྱི་འཆར་གཞི་སྐོར་གླེང་སྐབས་དཔལ་འབྱོར་གྱིས“ཏང་གི་སྲིད་ཇུས་བཟང་པོའི་འོག་སྤྱི་ཚོགས་ལ་དོན་སྙིང་ལྡན་པའི་བྱ་བ་མང་ཙམ་བསྒྲུབ་རྩིས་ཡོད”ཅེས་བཤད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།