ལྷོ་ཁ་སྣེ་གདོང་ཆུས་ཕོ་བྲང་ཤང་ཤར་སྒོ་གྲོང་ཚོའི་ལྷ་མོ་ཚོགས་པའི་སྐོར།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2017-09-17 15:35:51

QQ截图20170917153030.png

འདི་ག་ཚགས་པར་གྱི་གསར་འགོད་པ། ཚེ་བརྟན་སྒྲོལ་དཀར།

ལྷ་མོ་འཁྲབ་སྟངས་ནང་སྦྱོང་བྱེད་བཞིན་པ།

ལྷ་སའི་ཞོ་སྟོན་རིང་ནོར་བུ་གླིང་གར་ལྷ་མོ་འཁྲབ་བཞིན་པ།

འབྲས་ལྡན་སྟོན་གྱི་དུས་འདིར། གསར་འགོད་པ་ལྷོ་ཁ་སྣེ་གདོང་ཆུས་ཕོ་བྲང་ཤང་ཤར་སྒོ་གྲོང་ཚོར་བཅར་འདྲིར་བསྐྱོད་པ་ཡིན། ཤར་སྒོ་གྲོང་ཚོའི་ཞིང་ནང་དུ་ལོ་ཏོག་རྣམས་འབྲས་བུའི་ཁུར་གྱིས་ལྗིད་ལ། ཞིང་ཁ་ཁག་གཅིག་ཏུ་བཙས་མ་བརྔས་ཏེ་ཚར་ལྕོག་ཀྱང་བརྒྱབ་ནས་ཉི་སྐམ་བཏང་འདུག སྔོན་མ་ཡིན་ན་ནམ་དུས་འདིར་མི་རྣམས་བྲེལ་བརྩོན་ཆེན་པོས་ཞིང་ནང་དུ་ལོ་ལེགས་བསྡུ་རྒྱུར་བྲེལ་མུས་རེད། ཡིན་ནའང་འདི་ལོ་ཞིང་ནང་དུ་ལས་བྲེལ་ཆེ་བའི་ཟུར་ཙམ་ཡང་མཐོང་རྒྱུ་མི་འདུག་པས་ང་ཡ་མཚན་ཆེན་པོ་སྐྱེས་བྱུང་། སྐད་ཆ་དྲིས་པ་བརྒྱུད། འདི་ལོ་ཤར་སྒོ་གྲོང་ཚོའི་མི་རྣམས་དུས་ཚོད་དམ་འཛིན་གྱིས་ལྷ་མོ་འཁྲབ་སྦྱོང་བྱེད་བཞིན་ཡོད་པ་དང་། བཙས་མ་རྔ་བའི་དུས་ཚོད་ཀྱང་ནར་འགྱངས་བྱས་པ་གཞི་ནས་ཤེས་བྱུང་།

དེས་ན། གསར་འགོད་པའི་གོམ་ཁ་ཡང་ཤར་སྒོ་གྲོང་ཚོ་ཨུ་ལྷན་ནས་གྲགས་འོང་བའི་རྔ་དང་རོལ་མོའི་སྒྲའི་ཕྱོགས་སུ་བསྒྱུར་དགོས་བྱུང་། གྲོང་ལྷན་གྱི་རྒྱལ་སྒོ་འཛུལ་མ་ཐག་གསར་དུ་བསྐྲུན་པའི་སྡིངས་ཆར་ལྕགས་ཤོག་གི་ཁེབས་སྔོན་པོ་གཡོགས་པ་ཞིག་མིག་ལམ་དུ་འཆར་ཞིང་། ཨར་འདམ་བཏིང་བའི་སྒོ་ར་གཙང་ཞིང་རྒྱ་ཆེ་བ་ཞིག་སྣང་། སྡིངས་ཆའི་ཐོག་འཁྲབ་སྟོན་པ་30ཙམ་དབྱིངས་ཚུད་དེ་ནང་སྦྱོང་བྱེད་ཀྱིན་འདུག

ལྷ་མོ་རུ་ཁག་དེའི་དགེ་རྒན་ནོར་བུ་དོན་གྲུབ་འདི་ལོ་70ཙམ་སླེབས་ནའང་སྔར་བཞིན་ལྷ་མོའི་གཞུང་གསལ་གསལ་ཐིང་ཐིང་གསུང་རྒྱུ་ཡོད་པ་མ་ཟད། གཞོན་རབས་པ་རྣམས་ལ་སྟངས་སྟབས་དང་ཕྱག་རྒྱའང་སློབ་བཞིན་མཆིས།

ཁོང་གིས“ཤར་སྒོ་གྲོང་ཚོའི་ལྷ་མོ་དང་ཐོག་མར་དུས་གང་ཞིག་ནས་འཁྲབ་འགོ་བཙུགས་པ་ང་ལ་ཤོད་རྒྱུ་མི་འདུག ཡིན་ནའང་1946ལོ་དང་1959ལོ་སོགས་ལ་ཡང་སེ་སྒྲིག་འཛུགས་ཀྱིས་འཁྲབ་སྟོན་བྱས་ཀྱང་། དེ་ནས་ལོ་ངོ་ཁ་ཤས་རིང་རྐྱེན་དུ་མའི་དབང་གིས་མཚམས་འཇོག་དགོས་བྱུང་ཡོད”ཅེས་གསུངས།

ལྷ་མོ་འཁྲབ་སྦྱོང་བྱེད་ཞོར་དུ་ཁོང་གིས་གཞོན་རབས་རྣམས་ལ་རྣམ་ཐར་གཏོང་སྟངས་དང་། སྨྲ་བ་བརྗོད་སྟངས། ཕྱག་རྒྱ་གཡུག་སྟངས་སོགས་མཛུབ་ཁྲིད་བྱེད་ཅིང་། ཁོང་གིས“རྒན་རྒོན་མང་པོ་ཞིག་ལོ་རྒས་ནས་འཁྲབ་མི་ཐུབ་རྐྱེན། ན་གཞོན་ཚོར་འགོ་ནས་སློབ་དགོས་པ་ནི་དངོས་གནས་དཀའ་ངལ་ཆེན་པོ་འདུག ཁག་གཅིག་སྟངས་སྟབས་ཤེས་ཀྱང་རྣམ་ཐར་གཏོང་མི་ཤེས་པ་དང་། ཁག་གཅིག་འཁྲབ་གཞུང་ངེས་མི་ཐུབ་པ། ཡང་ཁག་གཅིག་རྒན་རྒོན་དང་ལྟ་བ་མི་མཐུན་པ་སོགས་ཡོང་གི་འདུག”ཅེས་གསུངས།

བརྩོན་འགྲུས་ཅན་ལ་བསླུ་བ་མེད་ཅེས་པའི་དཔེ་ལྟར་དགེ་རྒན་ནོར་བུ་དོན་གྲུབ་ཙམ་མ་ཟད། ཉམས་མྱོང་ཅུང་ལྡན་པའི་འཁྲབ་སྟོན་པ་བཀྲ་ཤིས་ཚེ་རིང་དང་བུ་ཆུང་སོགས་ཀྱི་འབད་བརྩོན་དང་གཞོན་ནུ་ཚོའི་འཁང་ར་སྤུ་ཙམ་ཡང་མེད་པའི་རྒྱབ་སྐྱོར་འོག་ཤར་སྒོ་གྲོང་ཚོའི་ལྷ་མོ་ཚོགས་པར་འདི་ལོ་སྣེ་གདོང་ཆུས་ཀྱི་སྐབས་དང་པོའི་ལྷ་མོའི་འགྲན་བསྡུར་ལ་ཨང་དང་པོ་ཐོབ་པ་རེད། མཚན་སྙན་དེ་ཐོབ་པ་བརྒྱུད་། གོང་རིམ་རིག་གནས་སྡེ་ཚན་གྱིས་ལྷ་མོ་ཚོགས་པར་ཚད་མཐོའི་མཐོང་ཆེན་གནང་བ་མ་ཟད། གཟིགས་བཟོས་ཀྱང་སྤྲད་པ་དང་། གོང་ཞུ་བྱས་པ་བརྒྱུད་ཁོང་ཚོར་སླར་ཡང་ཞོ་སྟོན་རིང་ལྷ་མོ་འཁྲབ་སྟོན་ནང་ཞུགས་པའི་བསྐལ་བ་བཟང་པོ་ཐོབ་པ་མ་ཟད། འདི་ལོའི་ཟླ་7པར་འཁྲབ་སྟོན་པ་ཕུལ་བྱུང་གཉིས་ནང་སའི་རོལ་དབྱངས་སློབ་ཆེན་དུ་ཆེད་ལས་ཀྱི་གསོ་སྦྱོང་ལ་འགྲོ་རྒྱུ་བྱུང་ཡོད་པ་རེད།

དགེ་རྒན་ནོར་བུ་དོན་གྲུབ་ཀྱིས་གསར་འགོད་པར་གཞོན་ནུ་ཚོས་ཕྱིར་ཡོང་འབབ་གསོག་པའི་འགྲོ་བའི་གོ་སྐབས་བློས་བཏང་སྟེ་ཐོབ་ཆ་ཕྲན་བུ་ལས་མེད་པའི་གྲོང་ཚོའི་ལྷ་མོ་ཚོགས་པར་རང་མོས་ངང་ཞུགས་ནས་ནང་སྦྱོང་ཧུར་ཐག་བྱས་ལུགས་ངོ་སྤྲོད་བྱས་བྱུང་བས། གཞོན་ནུ་ཚོས་བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་ལྷ་མོ་གོང་དུ་འཕེལ་ཆེད། དུས་ཚོད་དང་། སེམས་ནུས་སོགས་མང་པོ་བཏོན་པར་གསར་འགོད་པ་རྗེས་སུ་ཡི་རངས་སྐྱེས་བྱུང་།

ཤར་སྒོའི་ལྷ་མོ་ཚོགས་པའི་འཁྲབ་ཆས་ལ་ལོ་རྒྱུས་ཡུན་རིང་ལྡན་ཞིང་། བལྟས་པ་ཙམ་གྱིས་གནའ་ཉམས་དོད་ལ་བབ་ཆགས་པ་གང་ཞིག་འཁྲབ་བྱའི་མི་སྣ་གཙོ་བོའི་ཁྱད་ཆོས་འབུར་དུ་ཐོན་པ་ཞིག་འདུག འཁྲབ་ཆས་ཀྱི་སྐོར་གླེང་སྐབས་འབྲེལ་ཡོད་འགན་འཁུར་བ་ཞིག་གིས་ཁག་གཅིག་གི་རིན་ཐང་གཞལ་དུ་མེད་པ་དང་། ཁག་གཅིག་ཉེ་བའི་ལོ་ཤས་རིང་འཚེམ་བཟོ་བ་དང་ཚོན་པ་སོགས་བོས་ནས་ལེགས་བཅོས་བྱས་ཡོད་ཅེས་བཤད་བྱུང་།

འདི་ལོ་ཞོ་སྟོན་རིང་ཤར་སྒོ་ལྷ་མོ་ཚོགས་པས་རྒྱུན་དུ་འཁྲབ་པའི《པདྨ་འོད་འབར》དང《འགྲོ་བ་བཟང་མོ》གཉིས་ཀ་འཁྲབ་པར་ལྟད་མོ་བའི་དགའ་བསུ་ཆེན་པོ་ཐོབ་ཡོད།

ཏང་གི་སྲིད་ཇུས་བཟང་པོ་དང་གོང་རིམ་སྡེ་ཚན་གྱི་ཚད་མཐོའི་མཐོང་ཆེན་དང་རྒྱབ་སྐྱོར་འོག ཤར་སྒོ་གྲོང་ཚོའི་ལྷ་མོ་རུ་ཁག་གིས་མི་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད་བྱ་རྒྱུ་དེ་ཐོག་མའི་བསམ་འདུན་ལ་བརྩིས་ཏེ་གྲུབ་འབྲས་ལ་བློ་ཡིད་ཚིམས་ནས་མ་བསྡད་པར་རིག་རྩལ་གྱི་དཔྱིད་དཔལ་བཞད་པའི་གངས་ལྗོངས་ཀྱི་ས་གཞི་ཆེ་མོར་སླར་ཡང་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་འོས་པའི་སྟོན་མོ་གཤོམ་རྒྱུའི་རེ་བ་བཅངས་དང་འཆང་མུས་ལགས། གསར་འགོད་པར་ཡང་ཁོང་རྣམ་པའི་བསམ་འདུན་འགྲུབ་ངེས་རེད་སྙམ་པའི་ཡིད་ཆེས་ཤིག་སེམས་ཀྱི་གཏིང་ནས་སྐྱེས་བྱུང་།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།