དམངས་འཚོའི་དོན་དངོས་བསྒྲུབས་པས་མང་ཚོགས་ཀྱི་ཐོབ་སེམས་ཆེ་རུ་སོང་བ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2016-11-17 10:50:32

QQ截图20161117104757.png

འདི་ནི་སྐྱིད་གྲོང་རྫོང་སྐྱིད་གྲོང་གྲོང་རྡལ་གྱི་མང་ཚོགས་ཀྱིས་གསར་དུ་སྐྲུན་པའི་ཡངས་ཤིང་རྒྱ་ཆེའི་ཐང་ཆེན་ཐོག་སྒོར་གཞས་འཁྲབ་ནས་ད་ཆའི་མཐའ་མཚམས་མི་སེར་གྱི་བདེ་སྐྱིད་འཚོ་བ་གསར་པ་མངོན་པར་བྱེད་པ།

འདས་ཟིན་པའི་ལོ་ལྔ་ཡི་རིང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་མི་དམངས་མང་ཚོགས་ཚོས་རེ་སྒུག་ཆེ་ཤོས་བྱེད་པ་དང་ཐག་གཅོད་བྱེད་དགོས་ངེས་ཀྱི་གནད་དོན་ནས་འགོ་བཙུགས་ཏེ་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རྒྱུ་དེ་ལས་དོན་མཐའ་དག་གི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ནས་དམངས་འཚོ་གཙོ་བོར་འཛིན་པ་དང་དམངས་འཚོ་སྔོན་ལ་ལག་ལེན་བསྟར་རྒྱུ་མཐའ་འཁྱོངས་བྱས་པས་དམངས་འཚོའི་བྱ་གཞག་ཕྱོགས་ཡོངས་ནས་ལེགས་སུ་སོང་སྟེ་གྲུབ་འབྲས་གསར་པ་ཐོབ་པ་དང་འཚོ་བའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་འགྲོ་བ་དང་བསྟུན་ནས་རྒྱ་ཆེའི་མང་ཚོགས་ཚོས་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་ཚོར་དང་ཚོར་མུས་ཡིན། ལོ་ལྔ་ཡི་རིང་། རིམ་ཁག་ནོར་སྲིད་ཀྱིས་དམངས་འཚོའི་ཐད་དངུལ་སྒོར་དུང་ཕྱུར་3911བཏང་ནས་ལོ་རེར་ཆ་སྙོམས་18%འཕར་བ་དང་། གྲོང་མིའི་ཡོང་འབབ་ཅུང་མྱུར་པོ་འཕར་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་2010ལོའི་ལྡབ་1.7དང་། ལྡབ་2ཡིན་པ་རེད།

ལོ་ལྔ་ཡི་རིང་། རང་ལྗོངས་ཀྱིས་ལས་ཞུགས་ལས་གཏོད་ཀྱི་སྲིད་ཇུས་ཡག་པོ་ལག་ལེན་བསྟར་ནས་ལྗོངས་ཡོངས་ཀྱི་ལས་ཞུགས་དུས་བབ་སྤྱིའི་ཆ་ནས་བརྟན་པོ་ཡོང་བ་བྱས་པས་རིམ་རྩིས་བྱས་ན་གྲོང་ཁྱེར་དང་གྲོང་རྡལ་དུ་མི་ཁྲི་16.9གསར་དུ་ལས་ཞུགས་ཐུབ་པ་དང་། ཞིང་འབྲོག་ཁུལ་གྱི་ངལ་ནུས་ལྷག་མ་མི་ཐེངས་ཁྲི་467ལས་ཞུགས་གཞན་སྒྱུར་ཐུབ་ནས་ལས་ཞུགས་ཞབས་ཞུའི་སྤུས་ཚད་མངོན་གསལ་དོད་པོས་མཐོ་རུ་སོང་བ་རེད།

ལོ་ལྔ་ཡི་རིང་། རང་ལྗོངས་ཀྱི་སློབ་གསོའི་བྱ་གཞག་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་མྱུར་པོ་ཕྱིན་ནས་སློབ་གསོའི་འགན་ལེན་ནུས་པ་ཆེ་རུ་སོང་བ་དང་། སློབ་གསོ་འདྲ་མཉམ་དེ་བས་མངོན་གསལ་དོད་པ། ལོ་15ཡི་འོས་འགན་སློབ་གསོ་མངོན་འགྱུར་བྱུང་བ། “འགན་ལེན་གསུམ”གྱི་ཚད་གཞི་སྒོར་3240བར་མཐོ་རུ་ཕྱིན་པ། རྨང་གཞིའི་སློབ་གསོའི་སློབ་གྲྭ་ཚད་ལྡན་ཅན་དུ་བསྐྲུན་རྒྱུར་འཕེལ་རྒྱས་ཆེན་པོ་བྱུང་བ། རྫོང་36ཚང་མ་རྒྱལ་ཁབ་འོས་འགན་སློབ་གསོ་དོ་སྙོམས་འཕེལ་རྒྱས་དཔྱད་དཔོག་གི་རྩིས་ལེན་ཡག་པོ་བྱུང་བ། མཐོ་རིམ་སློབ་གསོའི་འབུམ་རམས་པའི་ས་ཚིགས་མེད་པའི་ལོ་རྒྱུས་མཇུག་འགྲིལ་བ། སློབ་གསོའི་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ཁྱོན་ཡོངས་ནས་འགོ་ཚུགས་པ། ནང་སའི་སློབ་གཉེར་སྤུས་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན་པ་བཅས་རེད།

ལོ་ལྔའི་རིང་རང་ལྗོངས་ཀྱི་གཞི་རྩའི་དམངས་འཚོ་རྒྱུན་མཐུད་ལེགས་སུ་ཕྱིན་པ་དང་། ཞིང་འབྲོག་པ་ཁྲི་230ཡི་བདེ་སྡོད་ལས་གྲྭ་ཁྱོན་ཡོངས་ནས་མཇུག་འགྲིལ་བ། སྤྱི་ཚོགས་འགན་བཅོལ་མ་ལག་གཞི་རྩའི་ཆ་ནས་བསྐྲུན་ཟིན་པ། ཁེ་ལས་ཀྱི་ལས་འཁྱུར་ངལ་གསོ་བརྒྱབ་པའི་མི་སྣའི་གཞི་རྩའི་རྒན་གསོ་འགན་བཅོལ་གྱི་དངུལ་ལོ་རེ་བཞིན་མཐོ་རུ་ཕྱིན་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་ཁ་གསབ་ནང་འཇུག་དགོས་རིགས་རྣམས་འཇུག་གང་ཐུབ་བྱས་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་འགན་བཅོལ་ཁྱོན་ཡོངས་ལ་ཁྱབ་པ། དྭ་ཕྲུག་དང་འདོད་མོས་ཡོད་པའི་འགན་ལེན་ལྔའི་རྒན་རྒོན་གཅིག་སྡུད་འཚོ་སྐྱོང་དང་བསྙེན་བཀུར་བྱ་རྒྱུ་མངོན་འགྱུར་བྱུང་བ། གྲོང་གསེབ་ཀྱི་མི་ཁྲི་74ཡི་འཐུང་ཆུའི་གནད་དོན་བསལ་བ། ལྷ་ས་དང་། ནག་ཆུ། མངའ་རིས་བཅས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིར་དྲོད་རླངས་སྤྱོད་རྒྱུ་བྱུང་བ། མི་འབོར་དང་འཆར་ལྡན་བུ་བཙའ་དང་། མི་རབས་རྗེས་མ་དང་དེ་བཞིན་རྒན་རྒོན་ལས་ཀ་དང་དབང་པོ་སྐྱོན་ཅན་ལ་སེམས་ཁུར་བྱེད་པའི་བྱ་གཞག་ཟམ་མི་ཆད་པར་འཕེལ་རྒྱས་ཕྱིན་ཡོད།

ལོ་ལྔའི་རིང་། རང་ལྗོངས་ཀྱི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུ་དང་གཞི་རྩའི་སྨན་བཅོས་ཞབས་ཞུར་སྔར་བས་ཤུགས་སྣོན་བརྒྱབ་པ་དང་སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལ་སྐུལ་འདེད་གཏིང་ཟབ་བཏང་བས་ནད་ཆེན་རང་སྐྱོང་ལྗོངས་ནས་བཅོས་ཐུབ་པ་དང་། ནད་འབྲིང་ས་ཁུལ་དང་གྲོང་ཁྱེར་ནས་བཅོས་ཐུབ་པ། ནད་ཆུང་རྫོང་དང་ཆུས་ནས་བཅོས་ཐུབ་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིར་རིན་མེད་ངང་གཟུགས་པོར་བརྟག་དཔྱད་བྱས་པ། སྦྲུམ་མ་དང་ཕྲུ་གུ་སྐྱེས་མ་ཐག་གི་སྐྱེད་མ་ཤི་ཚད་ཆག་པ། ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་5000ལྷག་ཙམ་ལ་རིན་མེད་ངང་སྨན་བཅོས་ཐུབ་པ། མི་རེའི་སྔོན་དཔག་ཚེ་ཚད་ལོ་68.2ཟིན་རྒྱུ་ཡིན་པ་བཅས་བྱུང་ཡོད།

ད་ཆ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཚོ་བའི་ཁོར་ཡུག་ལེགས་སུ་ཆེན་པོ་ཕྱིན་པ་དང་། སྤྱི་ཚོགས་ཀྱི་འགན་ལེན་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ། གྲོང་མིའི་ཡོང་འབབ་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་སོང་བ། སྤྱི་པའི་ཞབས་ཞུའི་མ་ལག་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་པ་སོགས་མི་དམངས་མང་ཚོགས་ཀྱི་ཁེ་ཕན་དེ་འཕེལ་རྒྱས་ཀྱི་རྨང་གཞིར་དངོས་འབྲེལ་དུ་འགྱུར་ནས་མི་དེ་བས་མང་བའི་ཕུགས་འདུན་མངོན་འགྱུར་བྱུང་སྟེ་བདེ་སྐྱིད་ཀྱི་འཛུམ་མདངས་ས་མཐོའི་བུ་ཕྲུག་གི་ངོ་གདོང་ནས་འཕྱུར་བཞིན་ཡོད།

དམངས་ཕྱུག་བྱུང་ན་སྟོབས་འབྱོར་ལྡན། བརྟན་ལྷིང་ལྡན་ན་བདེ་སྐྱིད་ཡོང་། “རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་འཚོགས་རྗེས་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཚོགས་འདུའི་དགོངས་དོན་གཞིར་བཟུང་། དམངས་འཚོའི་ལས་དོན་ལ་སྔོན་ཚུད་ནས་བསམ་བློ་གཏོང་རྒྱུ་དང་། དམངས་འཚོའི་ལས་དོན་སྔོན་ཚུད་ནས་དོན་འཁྱོལ་བྱ་རྒྱུ། དམངས་འཚོར་མ་དངུལ་གཏོང་ཤུགས་སྔོན་ཚུད་ནས་འགན་ལེན་བྱ་རྒྱུ་བཅས་སྔར་བས་མཐའ་འཁྱོངས་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཚོའི་ཐོབ་སེམས་དང་བདེ་སྐྱིད་ཚོར་སེམས་སྔར་བས་ཆེ་རུ་གཏོང་ཐུབ་རྒྱུའི་ཡིད་ཆེས་ང་ཚོར་ཆེན་པོ་ཡོད”ཅེས་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་འཐུས་མི་གཞིས་རྩེ་གྲོང་ཁྱེར་ངམ་རིམ་རྫོང་ཨུད་ཀྱི་ཧྲུའུ་ཅི་ལི་ཡིའུ་ཕིང་གི་གཏམ་བཤད་ལས་ཀུན་གྱི་སེམས་པ་མཚོན་པར་བྱས་ཡོད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།