དིང་རི་རྫོང་གིས“དམ་འཛིན་ནན་པོ་དྲུག”ལག་བསྟར་བྱས་ནས་མི་དམངས་ལ་ཞབས་འདེགས་ལེགས་པར་ཞུས་པ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2015-04-15 09:24:48

ཉེ་ཆར་གསར་འགོད་པས་དིང་རི་རྫོང་ནས་ཤེས་རྟོགས་བྱ་པར། 2014ལོའི་ཚུན་དུ་རྫོང་དེས་དོན་དངོས་དང་ཟུང་འབྲེལ་བྱས་པའི་ཁར་གསར་གཏོད་བྱེད་སྒོ་གཞི་བརྟེན་དུ་བྱས་ཏེ“དམ་འཛིན་ནན་པོ་དྲུག”གི་བྱེད་ཐབས་སྤྱད་ནས་དམངས་ལ་ཞབས་འདེགས་ལེགས་པར་ཞུས་ཡོད་པ་རེད།

“གསལ་རྟོགས་གཉིས”ཀྱི་ལས་དོན་ལ་དམ་འཛིན་ནན་པོ་བྱས་ཤིང་། “གསལ་རྟོགས་གཉིས”ཞེས་པ་ནི་གདིང་གཞི་གསལ་རྟོགས་དང་དམངས་ཚུལ་གསལ་རྟོགས་བྱ་རྒྱུ་གཉིས་ལ་ཟེར་གྱི་ཡོད་ཅིང་། དིང་རི་རྫོང་ཨུད་ཀྱིས་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ་ཤང(གྲོང་རྡལ)དང་གྲོང་ཚོར་བསྐྱོད་ནས་གདིང་གཞི་གསལ་རྟོགས་བྱས་པ་དང་ཆབས་ཅིག་མང་ཚོགས་ཀྱི་བསམ་འཆར་དང་གྲོས་འགོ་ཡང་ཤེས་རྟོགས་བྱས་པ་དང་། ཏང་ཡོན་ལས་བྱེད་པས་དངོས་སྡོད་ས་ཚིགས་དང་། བཅའ་སྡོད་ས་ཚིགས། གནས་སྦྱར་ས་ཚིགས་བཅས་བརྒྱུད་མང་ཚོགས་དང་ཐད་ཀར་འབྲེལ་བ་བྱས་ནས་ཞིང་འབྲོག་པའི་གཞི་རྩའི་གནས་ཚུལ་དང་དེ་བཞིན་ཞིང་འབྲོག་པའི་བདེ་སྡོད་ལས་གྲྭ་དང་། སྤྱི་ཚོགས་འགན་ལེན། སློབ་གསོ། སྨན་བཅོས་སོགས་ཀྱི་གནས་ཚུལ་ཁོང་དུ་ཆུད་པར་བྱས་པ་རེད།

“ཆ་སྒྲིག་གཉེན་འཚོལ་གཉིས”ཀྱི་ལས་དོན་ལ་དམ་འཛིན་ཏན་ཏིག་བྱས་ཤིང་། མིག་སྔར་རྫོང་རིམ་པའི་འགོ་ཁྲིད་ལས་བྱེད་པས་དུད་ཚང་60དང་། ཁོའོ་རིམ་པ་ལས་བྱེད་པས་དུད་ཚང་289ཏང་ཡོན་ལས་བྱེད་པ་དཀྱུས་མས་དུད་ཚང་189བཅས་དང་ཆ་སྒྲིག་གཉེན་འཚོལ་བྱས་ཡོད། དུས་མཚུངས་སུ་གཉེན་རོགས་བྱ་སྤྱོད་སྤེལ་ཞིང་། རིམ་ཁག་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པས་ཞིང་འབྲོག་མང་ཚོགས་ལ་བྱ་བ་བཟང་པོ་425བསྒྲུབས་པར་དངུལ་སྨར་སྒོར་ཁྲི་37བཏང་ཡོད།

“ཡིད་རྟོན་གཉིས”ཀྱི་ལས་དོན་ལ་དམ་འཛིན་ནན་པོ་བྱས་ཤིང་། ཡིད་རྟོན་ཚན་པ་འཛུགས་རིང་། ཚན་པ་ཁག་གིས་བླང་བྱ་གཞིར་བཟུང་སྒྲིག་སྲོལ་ལམ་ལུགས་བཅུ་བཟོས་པ་དང་ལས་དོན་ལྟ་སྐུལ་ཞིབ་བཤེར་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ཡོད། རང་སྐྱོན་རང་བཤེར་དང་ལྟ་སྐུལ་ཞིབ་བཤེར་སོགས་ཀྱི་བྱེད་སྟངས་སྤྱད་དེ་ལས་དོན་སྤེལ་རིང་ཐོན་པའི་རྫུན་ཞུ་འུད་བསྟོད་དང་མི་བདེན་རྫུན་སྒྲིག་སོགས་ཀྱི་གནད་དོན་ཞིབ་གཅོད་ནན་པོ་བྱས་པ་མ་ཟད། ད་དུང“གཅིག་རེ་བཞི”ཡི་བྱེད་སྒོ་སྤེལ་ནས་ཏང་ཡོན་ལས་བྱེད་པར་རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྲིད་ཇུས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས་བཅས་ཟབ་ཏུ་གཏོང་དགོས་པའི་ཁྲིད་སྟོན་ཡང་བྱས་ཡོད།

“ཁས་ལེན་གཉིས”ཀྱི་ལས་དོན་ལ་དམ་འཛིན་ནན་པོ་བྱས་ཤིང་། “ཁས་ལེན་གཉིས”ཞེས་པ་ནི་རང་འགན་གཙང་སྒྲུབ་བྱ་རྒྱུ་དང་སྤྱོད་གཙང་རང་གཅུན་བྱ་རྒྱུའི་ཁས་ལེན་བྱ་རྒྱུ་གཉིས་ལ་ཟེར་ཞིང་། ཏང་ཡོན་ལས་བྱེད་པས་རྒྱ་ཆེའི་ལས་བྱེད་མང་ཚོགས་ལ་རང་འགན་གཙང་སྒྲུབ་བྱ་རྒྱུ་དང་སྤྱོད་གཙང་རང་གཅུན་བྱ་རྒྱུའི་ཁས་ལེན་བྱས་པ་དང་ཁ་བཤད་ལག་བསྟར་བྱེད་རིང“འཐབ་ཕྱོགས་དང་པོའི་ལས་དོན་སྒྲུབ་ཐབས”ཁྱོན་ཡོངས་ནས་ཁྱབ་གདལ་བཏང་ཞིང་། སྒོ་མོ་ཕྱེ་ནས་སྣེ་ལེན་ཞུ་བ་དང་། གཅིག་སྡུད་ཐོག་སྣེ་ལེན་ཞུ་བ། མཉམ་འབྲེལ་ཐོག་སྣེ་ལེན་ཞུ་བ་སོགས་ཀྱི་རྣམ་པ་བརྒྱུད་ཤང(གྲོང་རྡལ)དང་། གྲོང་ཚོ་དང་དུད་སྦྲེལ་ཚན་པ། དྲ་མིག་བཅས་གཞི་གཅིག་ཏུ་གྱུར་པའི་དམངས་ཕན་ཞབས་ཞུའི་མ་ལག་ཅིག་བསྐྲུན་ཡོད། མིག་སྔའི་བར་ཡོངས་བསྒྲགས་སུ་ཁས་ལེན་བྱེད་མཁན་ཏང་ཡོན་2857གྱིས་བྱ་བ་7143བསྒྲུབ་རྒྱུ་ཁས་ལེན་བྱས་པའི་ནང་བྱ་བ་1024བསྒྲུབས་ཟིན་ཡོད།

“བྱ་དགའ་གཉིས”ཀྱི་ལས་དོན་ལ་དམ་འཛིན་ནན་པོ་བྱས་ཤིང་། ཧྲང་ཧའེ་ཡི་བོད་སྐྱོར་ཁག་བདུན་པའི་དིང་རི་ཚོགས་ཆུང་གིས་མ་དངུལ་སྒོར་ཁྲི་16བཏང་བ་དག་སྔོན་ཐོན་གྲོང་ཚོ་མཉམ་སྡེབ་དང་། ཕུལ་བྱུང་གྲོང་ཚོའི་ལས་བྱེད་པ། ཞིང་འབྲོག་ལས་ཆེད་ལས་ལག་རྩལ་མི་སྣ་བཅས་ལ་བྱ་དགའ་སྤྲོད་རྒྱུར་སྤྱད་པ་དང་། 《ཕུལ་བྱུང་གྲོང་ཚོའི་ལས་བྱེད་པ་དཔྱད་བསྡུར་གཟེངས་བསྟོད་བྱ་ཐབས(ཚོད་ལྟའི་ལག་ལེན)》བཟོས་ཏེ་རྫོང་དང་གྲོང་ཚོ་དེ་ཡོངས་ཀྱི་ལས་བྱེད་པའི་ཁྲོད་ནས་བྱ་དགའ་ཨང་དང་པོ་དང་། ཨང་གཉིས་པ། ཨང་གསུམ་པ། ཕུལ་བྱུང་བྱ་དགའ་བཅས་ཐོབ་མཁན་དཔྱད་འདེབས་བྱས་པ་དང་འབྲེལ་དངུལ་སྨར་བྱ་དགའ་ཡང་སྤྲད་ནས་ཚང་མའི་ཧུར་སེམས་ཆེ་རུ་བཏང་ཡོད།

“རོགས་རམ་གཉིས”ཀྱི་ལས་དོན་ལ་དམ་འཛིན་ནན་པོ་བྱས་ཤིང་། ཧྲང་ཧའེ་ཡི་བོད་སྐྱོར་ཁག་བདུན་པའི་དིང་རི་ཚོགས་ཆུང་གི་རོགས་རམ་འོག་མ་དངུལ་སྒོར་ཁྲི་30བཏང་ནས་ཞིང་འབྲོག་ལས་མཉམ་ལས་ཁང་10དང་མཉམ་སྐྲུན་ཆ་སྒྲིག་10ལ་རོགས་རམ་བྱས་པ་དང་། ཞིང་འབྲོག་པར་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་འཛུགས་རོགས་བྱས་ནས་ཐོན་སྐྱེད་གཞི་ཁྱོན་ཅན་དང་ཚད་ལྡན་དུ་བསྒྱུར་བ། གཞན་ཡང་ཧྲང་ཧའེ་གྲོང་ཁྱེར་དང་དིང་རི་རྫོང་གི་སྨན་ཁང་དང་སློབ་གྲྭ་སོགས་འབྲེལ་ཡོད་ཚན་པ་ཕན་ཚུན་མཉམ་སྐྲུན་ཆ་སྒྲིག་བྱས་ནས་ཉམས་མྱོང་སྤེལ་རེས་དང་། གཉིས་ཀར་ཕན་ཐོགས། ཐུན་མོང་མཐོར་གཏོང་བཅས་ཡོང་བ་བྱས་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།