སྒྲ་སྙན་གྱི་གྲུབ་མཐའི་ཁྱད་ཆོས་དིང་རིའི་དཀྲོལ་སྟངས།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2014-12-18 00:15:21

སྒྲ་སྙན་གྱི་གྲུབ་མཐའི་ཁྱད་ཆོས་སམ་དཀྲོལ་སྟངས་མི་འདྲ་བ་དེ་ཡུལ་ལུང་སོ་སོའི་གླུ་གར་རོལ་དབྱངས་ཀྱི་ཁྱད་ཆོས་དང་ཁ་བྲལ་ཐབས་མེད།དེ་ཡང་སྒྲ་སྙན་གྱི་དཀྲོལ་སྟངས་མི་འདྲ་བ་གྲུབ་པའི་སྔོན་འགྲོ་ནི་སྒྲ་སྙན་དར་ཁུར་གྱི་ས་གནས་སོ་སོའི་གླུ་གར་རོལ་དབྱངས་ཀྱི་ཁྱད་ཆོས་དེ་ཡིན་པ་མ་ཟད།ས་གནས་དེ་གའི་གླུ་གར་རོལ་དབྱངས་ཀྱི་ཁྱད་ཆོས་དང་འབྲེལ་བ་དམ་ཟབ་ཡོད་པས།དེ་དང་འབྲེལ་བའི་དཀྲོལ་སྟངས་ཀྱི་ཁྱད་ཆོས་གྲུབ་པ་ཞིག་ཡིན།དེ་དག་ཁྲོད་སྒྲ་སྙན་གྱི་སྒྲ་སྒྲིག་སྟངས་དང་དཀྲོལ་གཏོང་ཐབས་རྩལ་སོགས་ཚུད་ཡོད།

ས་ཁོངས་ཀྱི་དབྱེ་ཚུལ་མི་འདྲ་བ་དང་།ས་ཁུལ་ཁག་གི་གླུ་གར་རོལ་དབྱངས་ཀྱི་ཁྱད་ཆོས་མི་འདྲ་བར་གཞིགས་ནས་དབྱེ་ན།གཙོ་བོ་མངའ་རིས་ཀྱི་ཁྱད་ཆོས་དང་།དིང་རིའི་ཁྱད་ཆོས།ལྷ་རྩེའི་ཁྱད་ཆོས།ལྷ་སའི་ཁྱད་ཆོས།ཀོང་པོའི་ཁྱད་ཆོས།ཨ་མདོའི་ཁྱད་ཆོས།སྨར་ཁམས་ཀྱི་ཁྱད་ཆོས་བཅས་བདུན་ཡོད།

དིང་རིའི་ཁྱད་ཆོས་ཀྱི་དཀྲོལ་སྟངས་ནི་དིང་རི་སོགས་ས་ཁུལ་གྱི་དམངས་ཁྲོད་གླུ་གར་གྱི་རམ་སྐྱོར་དང་དཀྲོལ་གཏོང་བྱེད་པའི་རྣམ་པ་ཞིག་ཡིན།དེའི་སྒྲ་སྒྲིག་ཐབས་ཀྱང་མངའ་རིས་ཀྱི་སྒྲ་སྒྲིག་སྟངས་དང་འདྲ་བར་བསགས་སྒྲིག་བྱེད་ཀྱི་ཡོད།དེའི་ཁྱད་ཆོས་མངོན་པར་གསལ་བ་ནི་བརྩེགས་སྟོང་དཀྲོལ་ཐབས་དེ་ཡིན།དེ་ཡང་འགྲོས་བརྡབ་ཀྱི་དྲག་བརྡབ་བམ་དྲག་གནས་ཀྱི་སྒྲ་དཀྲོལ་རྗེས།འགྲོས་བརྡབ་ཀྱི་ཞན་གནས་ཐོག་སེན་ལྡེ་བརྡར་ནས་རྗེས་འབྲེལ་རྒྱན་སྤྲོས་ཀྱི་སྒྲ་ཞིག་གྲགས་པར་བྱེད་པ་ཞིག་ཡིན།མ་གཞི་སྒྲ་རིགས་དེ་དབྱངས་རྟ་གཙོ་བོ་ལྟར་སྐད་ཆེན་པོ་མེད་ཀྱང་དེའི་ཁྲོད་སྒྲ་བརྩེགས་ཀྱི་་རྣམ་པ་ཞིག་ཐོན་གྱི་ཡོད།

དཀྲོལ་ཐབས་དེ་རིགས་མྱུར་ཚད་ཅུང་དལ་བའི་གླུ་གར་གྱི་རམ་སྐྱོང་དུ་སྤྱོད་ཅིང་།སྤྱིར་བཏང་བྱས་ནས་འཁྲུག་གཞས་ནང་སྤྱོད་ཉུང་བའམ་སྤྱོད་པར་མི་བྱེད།འཁྲུག་གཞས་ནང་སྤྱོད་པ་ནི་མཐེབ་ཙག་དང་འདྲ་བའི་དཀྲོལ་ཐབས་ཏེ།བརྩེགས་ཆུང་ཞེས་པའམ་དཀྲུགས་ཙག་ཅེས་པའི་དཀྲོལ་ཐབས་ཤིག་ཡོད་པ་དེ་དག་ཚང་མ་མཐེབ་ཙག་གི་ཁོངས་སུ་གཏོགས་པའམ་དེ་ལས་གྱི་པ་ཤ་སྟག་ཡིན།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།