དིང་རི་རྫོང་གིས་“དལ་ནད་ལ་སྔོན་འགོག”ཞེས་པའི་དྲིལ་བསྒྲགས་ལས་དོན་སྤེལ་བ་དང་དལ་ནད་ལས་དོན་དོ་དམ་ལ་ཤུགས་སྣོན་རྒྱག་པ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2014-12-18 00:15:21

དིང་རི་རྫོང་གིས་དལ་ནད་ཕྱོགས་བསྡུས་སྔོན་འགོག་ལས་དོན་མགྱོགས་མྱུར་ངང་གྲུབ་ཆེད།  གྲོང་མི་ཡོངས་ཀྱིས་བདེ་ཐང་གི་འཚོ་བ་སྐྱེལ་ཐབས་ལ་གཞིགས་ནས་འཚོ་བ་སྐྱེལ་དགོས་པ་དང་དལ་ནད་སྐོར་གྱི་ཤེས་བྱ་དྲིལ་བསྒྲགས་ཁྱབ་སྤེལ་བྱས་ནས་མང་ཚོགས་ཚོའི་འཚོ་བའི་ཆུ་ཚད་མཐོ་རུ་བཏང་ཡོད།  ཟླ་11ཚེས་14ཉིན་དིང་རི་རྫོང་ནད་འགོག་ལྟེ་གནས་ཀྱིས་དྲིལ་བསྒྲགས་ཚོགས་ཆུང་སྒྲིག་འཛུགས་བྱས་ཏེ་དིང་རི་རྫོང་རྙིང་པའི་རྫོང་སྲིད་གཞུང་གི་སྒོ་འགྲམ་དུ་“དལ་ནད་དོ་དམ་ལ་ཤུགས་སྣོན་རྒྱག་ནས་གྲོང་མིའི་འཚོ་བའི་ཆུ་ཚད་མཐོ་རུ་གཏོང་བ” ཞེས་པའི་བརྗོད་དོན་གཙོ་བོའི་དལ་ནད་དྲིལ་བསྒྲགས་ལས་དོན་སྤེལ་ཡོད།

ད་ཐེངས་ཀྱི་དྲིལ་བསྒྲགས་བྱེད་སྒོའི་ཁྲོད་དིང་རི་རྫོང་ནད་འགོག་ལྟེ་གནས་ཀྱིས་ལས་དོན་མི་སྣ་5དང་རླངས་འཁོར་1བཏང་ཡོད། དྲིལ་བསྒྲགས་བྱེད་སྒོར་འཕྲེད་དར་བཀལ་བ་དང་། བློ་འདྲིའི་ས་ཚིགས་བཙུགས་པ། འབྲེལ་ཡོད་ཀྱི་ཡིག་ཆ་སྤྲོད་པ་སོགས་ཐབས་ལམ་མང་པོ་སྤེལ་ཡོད།  དྲིལ་བསྒྲགས་བྱེད་སྒོ་སྤེལ་རིང་ལམ་སྟེང་འགྲོ་མཁན་ལ་《བདེ་ཐང་ལག་དེབ》  《ཁྲག་ཤེད་མཐོ་བའི་ནད་སྔོན་འགོག་ལག་དེབ》《ཁ་ནད་སྔོན་འགོག་ཤེས་བྱ》སོགས་དལ་ནད་ཀྱི་དྲིལ་བསྒྲགས་ལག་དེབ་100དང་དྲིལ་བསྒྲགས་ཤོག་བུ་210  དྲིལ་བསྒྲགས་བརྙན་རིས་ཤོག་བུ་55   དྲིལ་བསྒྲགས་ཤོག་བུ་650བཅས་སྤྲད་པ་མ་ཟད།  ཕར་འགྲོ་ཚུར་འོང་གི་མིར་གོ་བདེ་བའི་སྒོ་ནས་ངང་རྒྱུད་རིང་པོའི་དལ་ནད་སྐོར་གྱི་ཤེས་བྱ་གསལ་འགྲེལ་བྱས་ཡོད།

ད་ཐེངས་ཀྱི་བྱེད་སྒོ་སྤེལ་བ་དང་དུས་མཚུངས། དིང་རི་རྫོང་ནད་འགོག་ལྟེ་གནས་ཀྱིས་མང་ཚོགས་ལ་ད་དུང་ཨ་ཙིའི་ནད་ཀྱི་འབྲེལ་ཡོད་ཤེས་བྱ།   འགོས་ནད་སྔོན་འགོག་བྱེད་ཐབས།   ཟས་རིགས་བདེ་སྲུང་སྐོར།    ལས་རིགས་ནད་ཀྱི་སྔོན་འགོག་བྱ་ཐབས་སོགས་དྲིལ་བསྒྲགས་བྱས་ཡོད་ལ་དྲིལ་བསྒྲགས་པར་རིས་ཁྱོན་75དང་དྲིལ་བསྒྲགས་ལག་དེབ་65  དྲིལ་བསྒྲགས་ཤོག་བུ་200བཅས་སྤྲད་ཡོད།

དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་བརྒྱུད་དིང་རི་རྫོང་གི་རྒྱ་ཆེའི་མང་ཚོགས་ཀྱིས་ཁྲག་ཤེད་མཐོ་བ་དང་གཅིན་པ་མངར་སྐྱུར་ནད་སོགས་དལ་བའི་ནད་ཀྱི་འབྲེལ་ཡོད་ཤེས་བྱར་རྒྱུས་ལོན་བྱུང་ཡོད་ལ།  འཕྲོད་བསྟེན་གཙང་སྦྲ་ཡག་པོ་མེད་པའི་བྱ་སྤྱོད་ལ་འགྱུར་བ་ཐེབས་ཏེ།  བདེ་ཐང་དང་ལྡན་པའི་འཚོ་བའི་གོམས་གཤིས་འཇགས་པ་བྱས་ནས་དལ་བའི་ནད་ལ་སྔོན་འགོག་བྱེད་དགོས་པའི་གལ་ཆེའི་ཕན་ནུས་ཤེས་ཡོད།


རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།