ཡར་ལངས་ཞིང་བྲན་རྒྱལ་རྩེ་རྫོང་རྩེ་ཆེན་ཤང་ཁ་རགས་གྲོང་ཚོའི་གྲོང་མི་སྤེན་བུའི་སྐོར་བཀོད་པ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-05-06 10:54:44

QQ截图20190506103044.png

↑ འདི་ནི་སྤེན་བུ(དཀྱིལ)དང་བུ་དེ་བཞིན་བུའི་མནའ་མ་བཅས་ཡིན་པ།

མི་སྣའི་རྒྱབ་ལྗོངས།

སྤེན་བུ། མོ། ད་ལོ་ལོ་73ལ་སླེབས།  ད་ཆ་རྒྱལ་རྩེ་རྫོང་རྩེ་ཆེན་ཤང་ཁ་རགས་གྲོང་ཚོར་འཚོ་སྡོད་བྱེད།  སྤེན་བུ་རྒྱལ་རྩེ་རྫོང་མཁར་སྟོད་ཤང་དུ་སྐྱེས་པ་དང་།  ལོ་8ནས་བཟུང་ཕ་མ་དང་མཉམ་དུ་མཁར་སྒོ་གཞིས་ཀ  (དགའ་བཞི་བའི་གཞིས་ཀའི་ཁོངས་གཏོགས་ཀྱི་གཞིས་ཀར་ཆུང་ཆུང་གྲས་ཤིག)ཁྲལ་འུ་ལག་རྒྱུག་པར་འགྲོ་དགོས་བྱུང་ཡོད།

དམངས་གཙོའི་བཅོས་སྒྱུར་བྱས་རྗེས་སྤེན་བུའི་ཁྱིམ་ལ་ས་ཞིང་དང་ནོར་ལུག་སོགས་རག་པ་མ་ཟད།  མི་ལུས་རང་དབང་ཡང་ཐོབ། ཕྱིས་སུ་སྤེན་བུ་རྩེ་ཆེན་ཤང་དུ་མནའ་མར་ཡོང་ཞིང་།  ཁོང་དང་བཟའ་ཟླས་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་ཕྱུག་འགྱུར་ལམ་དུ་བསྐྱོད་པ་དང་།  སྔ་རྗེས་སུ་སློབ་ཆེན་སློབ་མ་བཞི་གསོ་སྐྱོང་བྱས་ཡོད།  ད་ཆ་ཁོང་ཚོའི་འཚོ་བ་ཧ་ཅང་བདེ་སྐྱིད་ལྡན་པ་ཞིག་ཡོད།

རྒྱལ་རྩེ་རྫོང་རྩེ་ཆེན་ཤང་གི་རྒད་མོ་སྤེན་བུའི་ཁྱིམ་གྱི་སྒོ་རའི་ཕྱི་རོལ་དུ་ལྗོན་ཤིང་མང་ཞིང་ཆུ་ཕྲན་ཞིག་སྒོ་རའི་འགྲམ་ནས་ལྷུང་ལྷུང་དུ་བཞུར་བཞིན་མཆིས།

སྒོ་རའི་ནང་ཞིང་ལས་འཕྲུལ་ཆས་དང་ཤིང་བཟོའི་ལག་ཆ་སྣ་ཚོགས་ཡོད་པ་མ་ཟད།  ད་དུང་བཟོས་ཚར་མེད་པའི་འཛིན་ཆས་འགའ་ཤས་ཤིག་ཀྱང་བསྒྲིགས་འདུག  ཉིས་ཐོག་གི་ཤེལ་ཁང་ནང་བཀོད་པ་ལེགས་པའི་བོད་བཟོའི་ལྕོག་རྩེ་ལས་འོད་མདངས་འཚེར་ཞིང་།  དེའི་ཐོག་ཤིང་ཏོག་སྐམ་པོ་སྣ་ཚོགས་བཤམས་འདུག

“རྨོ་བོ་ལགས། ད་ཆ་ཁྱེད་རང་གི་འཚོ་བ་གང་འདྲ་འདུག་གམ”ཞེས་དྲིས་པར།

“ད་ཆ་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོའི་དྲིན་ལས་ང་ཚོའི་འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་ལེགས་སུ་འགྲོ་བ་སྨོས་མེད་རེད།

སྤྱི་ཚོགས་རྙིང་པ་དང་བསྡུར་ན་གནམ་ས་འཛོལ་བའི་ཁྱད་པར་ཆོད་འདུག”ཅེས་འཛུམ་དམུལ་དམུལ་ངང་གསར་འགོད་པར་བཤད་བྱུང་།

སྤྱི་ཚོགས་རྙིང་པའི་སྐོར་གླེང་སྐབས་སྤེན་བུར་སྡུག་བསྔལ་རྫོགས་མེད་བཤད་རྒྱུ་ཡོད།

“བོད་རྙིང་པར་ཁྲལ་འུ་ལག་ནམ་མཁའི་སྐར་ཚོགས་ལས་མང་བ་ཡོད་པས།  འཇལ་ནས་འཇལ་ཚར་རྒྱུ་མེད།  ང་ཚོ་མི་རབས་ནས་མི་རབས་བར་གཉའ་གནོན་དང་བཤུ་གཞོག་མྱོང་དགོས་པ་དང་ཚེ་གང་པོ་ཁྲལ་འུ་ལག་རྒྱུག་པར་ཟད་ཀྱི་ཡོད།  ངའི་སྤོ་བོ་ཚེ་བརྟན་གྱིས་གཞིས་ཀའི་བདག་པོའི་ཞིང་ཁར་ཆུ་བཏང་དྲགས་པས་གཞིས་ཀའི་གཉེར་པས་སྦྱག་མས་ཉེས་རྡུང་དྲག་པོ་བཏང་བས་རིང་པོ་མ་སོང་བར་ཚེ་ལས་འདས་པ་རེད”ཅེས་སྤེན་བུས་ཁོང་ཁྲོ་དང་བཅས་བཤད།

སྤེན་བུའི་ཨ་ཕ་དོན་གྲུབ་ཕུན་ཚོགས་ནི་དགའ་བཞི་གཞིས་ཀའི་མ་བྱན་རེད།  གཞིས་ཀའི་བདག་པོས་ཁ་ལག་མ་ཞིམ་པ་ཕྲན་ཙམ་བྱུང་ནའང་ལམ་སེང་ཉེས་རྡུང་གཏོང་གི་ཡོད།  བཟོད་པར་དཀའ་བའི་འཚོ་བ་དེ་ལྟ་བུ་སྐྱེལ་ཐབས་བྲལ་བས་སྤེན་བུའི་ཨ་ཕ་བྲོས་བྱོལ་ལ་ཐེངས་མང་འགྲོ་མྱོང་ཡོད།

“ཐེངས་ཤིག་གཞིས་ཀའི་བདག་པོ་ཁམས་ཕྱོགས་སུ་ཕྱིན་པ་དང་བསྟུན་ནས་ངའི་པཱ་ལགས་དང་གཡོག་པོ་གཞན་དག་ཁག་གཅིག་ནང་སར་བྲོས།  ལོ་གཅིག་གི་རྗེས་ཕ་ཡུལ་དྲན་དྲགས་པའི་དབང་གིས་པཱ་ལགས་ཀྱིས་ལྐོག་ཏུ་ང་ཚོར་གཟིགས་པར་ཕེབས།  སྟབས་མ་ལེགས་པར་གཞིས་ཀའི་བདག་པོས་ཤེས་ནས་མི་བཏང་སྟེ་ཁོང་བཙན་ཤེད་ཀྱིས་ཁྲིད་ཕྱིན་པ་དང་།  ཉེས་རྡུང་དྲག་པོ་བཏང་རྗེས་ཁྱིམ་དུ་ལོག་ཏུ་མ་བཅུག་པར་ལས་ཀ་དཀའ་ལས་ཁག་ཤོས་རྣམས་བྱེད་དུ་བཅུག་པ་མ་ཟད།  རྟག་པར་ལྟོགས་བཀག་གཏོང་གི་ཡོད”ཅེས་སྤེན་བུས་ཕྱིར་དྲན་བྱེད་བཞིན་བཤད།

སྤེན་བུས་གསར་འགོད་པར“ང་རང་ལོ་བརྒྱད་ནས་བཟུང་གཞིས་ཀར་ཁྲལ་འུ་ལག་རྒྱུག་པར་ཕྱིན་ཏེ་ལུག་རྫི་དང་།  རྐོ་མ་རྒྱག་པ། མེ་ཤིང་སྒྲུག་པ་སོགས་བྱས་ཏེ་ཁོམ་པ་གཏན་ནས་མེད་པ་དང་།  ཡག་པོ་མ་བྱུང་ན་ད་དུང་ཉེས་རྡུང་གཟེད་དགོས་ཀྱི་ཡོད།  སྐབས་དེ་དུས་ངའི་ན་མཉམ་གཞིས་ཀའི་བདག་པོའི་ཕྲུ་གུ་རྣམས་ཉིན་ལྟར་རྩེད་མོ་རྩེ་ཆོག་ལ།  ཡི་གེའང་སྦྱང་ཆོག་པས། ཡིད་སྨོན་ཆེན་པོ་སྐྱེས་ཀྱང་།  ང་རང་ཞིང་བྲན་ཁྱིམ་དུ་སྐྱེས་པས་ཚེ་གང་ཞིང་བྲན་ཡིན་པ་དང་།  ལྟོ་གོས་ཀྱང་འཕྱིད་ཀྱི་མེད་པས་སློབ་གྲྭ་ཟེར་བ་དེ་བས་ཀྱང་སྤྲོས་བྲལ་རེད”ཅེས་བཤད།

1959ལོར་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་རྗེས་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྦད་དེ་རྩ་མེད་བཏང་བས།  སྤེན་བུའི་ནང་མི་རྣམས་ལ་རང་དབང་ཐོབ་པ་དང་ད་དུང་ས་ཞིང་དང་ནོར་ལུག  དེ་བཞིན་ཐོན་སྐྱེད་ལག་ཆ་ཁག་གཅིག་ཀྱང་རག་པ་རེད།

བོད་རྙིང་པར་སློབ་གསོ་ཧ་ཅང་རྗེས་ལུས་ཡིན་པས་དེང་རབས་ཀྱི་དོན་སྙིང་ལྡན་པའི་སློབ་གྲྭ་གཅིག་ཀྱང་མེད།  བོད་ལ་ཞི་བའི་བཅིངས་བཀྲོལ་མ་བཏང་གོང་གྲྭ་པ་དང་སྐུ་དྲག་གི་བུ་ཕྲུག་2000ལྷག་ཙམ་ཁོ་ན་ལུགས་རྙིང་པའི་གཞུང་བཙུགས་སློབ་གྲྭ་དང་སྒེར་བཙུགས་སློབ་གྲྭར་སློབ་སྦྱོང་བྱེད་པ་དང་རྒྱ་ཆེའི་ཞིང་བྲན་དང་བྲན་གཡོག་ལ་སློབ་གསོ་མྱོང་དབང་མེད།  དམངས་གཙོའི་བཅོས་བསྒྱུར་བྱས་རྗེས། བོད་དུ་སློབ་གྲྭ་རིམ་པས་མང་དུ་ཕྱིན་ཡོད།  “ངའི་མི་ཚེ་འདིར་བློ་ཕམ་ཤོས་ནི་ཤེས་བྱ་རིག་གནས་སྦྱོང་མྱོང་མེད་པ་དེ་རེད།  དེར་བརྟེན་ངའི་བུ་ཕྲུག་ཚོ་ང་ནང་ལྟར་ཡིག་རྨོངས་བྱེད་དུ་བཅུག་འདོད་མེད”ཅེས་སྤེན་བུས་བཤད་པ་དང་ཁོང་གི་ཕྲུ་གུ་7ལས་5སློབ་གྲྭར་འགྲོ་མྱོང་ཡོད།

ད་ཆ་ཏང་གི་སྲིད་ཇུས་བཟང་པོའི་དྲིན་གྱིས་ཁོང་གི་ཚ་མོ་4རིམ་པར་སློབ་གྲྭ་ཆེ་མོར་ཚུད་པ་དང་།  ཚ་མོ་ཆུང་བ་ནང་སའི་བོད་ལྗོངས་འཛིན་གྲྭར་སྐྱོད་བཞིན་ཡོད་ལ་སྦྱངས་འབྲས་ཀྱང་ཡག་པོ་ཡོད་པས་སྤེན་བུའི་ཁྱིམ་གྱི་སློབ་གྲྭ་ཆེ་མོ་བ་ལྔ་པ་དེར་འགྱུར་རེ་ཡོད།

སྤེན་བུས་སྤོབས་པ་ཆེན་པོས“སྤྱི་ཚོགས་རྙིང་པར་ང་ཚོ་ནི་ཞིང་བྲན་ཡིན་པས་སློབ་གསོ་མྱོང་དབང་མེད།  ད་ཆ་རྒྱལ་ཁབ་ཀྱི་གཟིགས་སྐྱོང་སྲིད་ཇུས་བཟང་པོ་ལས་ཕྲུ་གུ་ཚོར་སྤུས་ཚད་མཐོ་བའི་སློབ་གསོ་མྱོང་རྒྱུ་ཡོད་པས་ཁོ་ཚོས་རང་ཉིད་ཀྱི་སྦྱངས་པར་བརྟེན་ནས་ཏང་གི་དྲིན་ལན་འཇལ་ཏེ་དེ་བས་མཛེས་སྡུག་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་འཛུགས་སྐྲུན་བྱ་སྲིད”ཅེས་བཤད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།