འཛམ་གླིང་ཡང་རྩེར་སླར་ཡང“མཁའ་ལམ”བསྐྲུན།

བོད་ལྗོངས་ཉིན་རེའི་ཚགས་པར།

| 2018-10-18 15:47:11

QQ截图20181018153151.png

འདི་ནི་གྲོ་མོ་རྫོང་ཤར་གསིང་མ་གྲོང་རྡལ་ཆུ་འབི་གྲོང་ཚོའི་ངལ་རྩོལ་རྩལ་ནུས་འགྲན་བསྡུར་ཆེ་མོ་བྱ་ཡུལ་ཡིན་པ།

ཁོར་ཡུག་ཇི་ལྟར་ཞན་རུང་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རེ་འདོད་འགྲུབ་པར་འགོག་རྐྱེན་བཟོ་མི་ཐུབ་པ་དང་ཆ་རྐྱེན་ཇི་ལྟར་སྐྱོ་རུང་དབུལ་སྒྲོལ་འགག་སྒྲོལ་བྱེད་པའི་གོམ་སྟབས་འགོག་མི་ཐུབ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བོད་རང་སྐྱོང་ལྗོངས་ཀྱི་གོང་འོག་ཚང་མས་དབུལ་སྒྲོལ་འགག་སྒྲོལ་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། སྤུས་ཚད་མཐོ་བ་དང་ཡུན་རིང་བརྟན་པོའི་ངང་དབུལ་སྒྲོལ་ཐུབ་རྒྱུར་དམིགས་པ། ཡུལ་དངོས་སུ་བསྐྱོད་ནས་དབུལ་པོའི་འབྱུང་རྩ་གསལ་རྟོགས་བྱེད་པ། ཡུལ་བབ་དང་བསྟུན་ཏེ་གནད་སྨིན་ཇུས་འདོན་བྱེད་པ། “སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་དམིགས་ཚད་ལ་ནན་པོར་གཞིགས་ཏེ་སྙིང་རུས་གཏན་འཁྱོངས་བཅས་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་ཕྱོགས་ཡོངས་ཀྱི་རྒྱལ་ཁ་ལེན་པའི་གདོང་མཆོང་དུང་བརྡ་བཏང་ཡོད།

 ལྗོངས་ཡོངས་ཀྱི་གོང་འོག་ཚང་མའི་ཐུན་མོང་འབད་བརྩོན་འོག བོད་རང་སྐྱོང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་དགའ་འོས་པའི་དུས་མཚམས་རང་བཞིན་གྱི་འཕེལ་རྒྱས་བྱུང་ཞིང་། ལྗོངས་ཡོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་2015ལོའི་ཁྲི་58.9ནས་2017ལོའི་ལོ་མཇུག་གི་ཁྲི་33.1བར་ཉུང་དུ་སོང་ལ་དབུལ་པོར་འགྱུར་ཚད་ཀྱང་25.2%ནས་12.4%བར་ཆག་ཡོད། ད་ཆ་དབུལ་སྒྲོལ་གྱི“མཁའ་ལམ”འདི་ཉིད་བོད་ཀྱི་རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱི་རྒྱུན་མཐུད་འབད་འཐབ་ཁྲོད་ཟམ་མི་ཆད་པར་མདུན་ཕྱོགས་སུ་བསྲིངས་ཤིང་། དེའི་གཡས་གཡོན་གཉིས་སུ་བདེ་སྐྱིད་ཀྱི་གངས་ལྷ་མེ་ཏོག་གི་འདབ་བརྒྱ་ལྷུག་པོར་གྲོལ་བ་དང་མདུན་ཕྱོགས་ནི་མཛེས་སྡུག་ལྡན་པའི་འབྱོར་འབྲིང་ལམ་བུ་ཡིན་པ་རེད།

“མཁའ་ལམ”གྱི་འཆར་གཞི་བཀོད་པ།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་ཀྱིས་དབུལ་སྒྲོལ་འགག་སྒྲོལ་འདི་ཉིད་དོན་ཆེན་ཨང་དང་པོ་དང་དམངས་འཚོའི་འདུ་འགོད་ཨང་དང་པོར་བརྩིས་ཏེ་དབུལ་སྒྲོལ་འགག་སྒྲོལ་ལ་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་གཅིག་འདོམས་དང་། གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་མཛད་ཕྱོགས་ལ་བརྟེན་ནས་ཁྱབ་ཁོངས་རང་བཞིན་གྱི་དབུལ་པོའི་གནད་དོན་ཧྲིལ་པོ་ཕྱོགས་ཡོངས་ནས་ཐག་གཅོད་བྱས་ཏེ་བོད་ཀྱི་ཁྱད་ཆོས་ལྡན་པའི་དབུལ་སྒྲོལ་འགག་སྒྲོལ་གྱི་ལམ་བུ་ཞིག་བཏོད་ཡོད།

—— ཚད་གཞི་མཐོ་པོའི་སྒོ་ནས་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུའུ་བཙུགས་པ། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་རྒྱག་འགོ་ཚུགས་ཚུན། བོད་ཀྱིས་ཞིང་ཆེན་རིམ་པའི་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུའུ་དང་ཐོག་བཙུགས་ཏེ“རང་སྐྱོང་ལྗོངས་ཀྱིས་སྤྱི་འགན་ཁུར་བ་དང་། ས་ཁུལ་དང་གྲོང་ཁྱེར་གྱིས་ཐད་ཀར་དོ་དམ་བྱེད་པ། རྫོང་གིས་དོན་འཁྱོལ་ལ་དམ་འཛིན་བྱེད་པ། ཤང་དང་གྲོང་རྡལ་གྱིས་ཆེད་ལས་སྒྲུབ་པ”བཅས་ཀྱི་དོ་དམ་ལམ་སྲོལ་དང“གྲོང་ཚོར་ལས་ཀ་བྱེད་པ་དང་དུད་ཚང་ལ་དབུལ་སྐྱོར་བྱེད་པའི”ལས་ཀའི་ལམ་སྲོལ་ལ་གཞིགས་པ་དང་། རིམ་པ་བཞིན་དམིགས་ཚད་དང་འགན་འཁྲི་ཁ་གསལ་བཟོ་བ། དུས་ཚོད་རེའུ་མིག་བཟོ་བ། དབུལ་སྒྲོལ་འཆར་གཞི་འགོད་པ་བཅས་བྱས་ནས་འགན་འཁྲི་ཁ་གསལ་དང་། རང་འགན་རང་འཁུར། མཉམ་ཤུགས་དབུལ་སྒྲོལ་བཅས་ཀྱི་འགན་འཁྲིའི་མ་ལག་ཅིག་བསྒྲུབས་ཡོད།

—— སྔ་འཛིན་ཕྱི་གཏོད་ཀྱི་རོགས་སྐྱོར་སྲིད་ཇུས་མ་ལག་འཐུས་སྒོ་ཚང་དུ་བཏང་བ། རང་སྐྱོང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་བོད་ཀྱིས《〈དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཀྱི་རྒྱལ་ཁ་ལེན་པའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་འབེབས〉ལག་བསྟར་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》འདོན་པ་དང་། སྲིད་ཇུས་ཀྱི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། དཔྱད་ཞིབ་བྱ་ཐབས་འཛུགས་པ། ཚན་རིག་དང་མཐུན་པའི་འཆར་གཞི་འགོད་པ། ལས་ཀའི་ཇུས་གཞི་བཟོ་བ་བཅས་བྱས་ནས་ལྗོངས་ཡོངས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་ཐུབ་པའི་འགན་ལེན་བྱས་ཡོད།

—— དམག་འཐབ་ནང་ཧུར་ཐག་ཞུགས་ནས་གཞི་རིམ་གྱི་རོགས་སྐྱོར་ནུས་པ་ཆེ་རུ་བཏང་བ། སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་གྱི་བྱེད་སྒོ་གཏིང་ཟབ་སྤེལ་བའི་རྨང་གཞིའི་ཐོག གྲོང་སྡོད་ལས་དོན་རུ་ཁག་གིས་གནས་གཏན་འཁེལ་གྱི་རོགས་སྐྱོར་འགན་འཁྲི་ཁུར་ནས་གྲོང་ཚོ(གྲོང་ལྷན)ཡོངས་ལ་ཁྱབ་པར་བྱས་ཡོད།

རྩེ་རིམ་ཇུས་འགོད་འཐུས་སྒོ་ཚང་དུ་བཏང་རྗེས། རོགས་སྐྱོར་བྱེད་ཐབས་ཁག་དེ་བས་ལེགས་པའི་སྒོ་ནས་ལག་བསྟར་དོན་འཁྱོལ་བྱུང་བ་དང་། ཕྱོགས་ཁག་གི་རོགས་སྐྱོར་བྱེད་སྟངས་ཐད་མཉམ་ཤུགས་དེ་བས་ཆེ་བ་ཞིག་ཆགས་པ། བོད་ཀྱི་ཁྱད་ཆོས་ལྡན་ལ་མང་ཚོགས་ཀྱི་བློ་གྲོས་ཀྱིས་ཕྱུག་པ་མ་ཟད། ད་དུང་དབུལ་སྒྲོལ་གྱི་ཕན་འབྲས་བཟང་པོ་ལྡན་པའི་གསར་གཏོད་བྱེད་སྟངས་མང་དག་ཅིག་གི་རྩ་བ་གངས་ལྗོངས་ས་མཐོར་ཚུགས་ཡོད།

“མཁའ་ལམ”གྱི་རྨང་རྡོ་བརྟན་པོ་བཏིང་བ།

དབུལ་སྒྲོལ་འགག་སྒྲོལ་གྱི་འགག་རྩ་འཕེལ་རྒྱས་ལ་ཐུག་མོད། འོན་ཀྱང་བོད་དུ་ཐོན་ལས་འཕེལ་རྒྱས་གཏོང་བར་འཕྲད་པའི་དཀའ་ངལ་ས་བབ་དམའ་བའི་ས་ཆ་ལས་མང་བ་དང་། ཐོན་ལས་ལ་ལེ་ལག་ཚང་སྒྲིག་བྱེད་ཉུང་བ། འཛུགས་སྐྲུན་གྱི་མ་གནས་མཐོ་བ། ཨར་སྐྲུན་གྱི་དཀའ་ཚེགས་ཆེ་བ་བཅས་ཡོད། ས་ཐག་ཅུང་རིང་ལ་ས་རྒྱ་ཆེ་ཞིང་མི་ཉུང་བའི་ཞིང་འབྲོག་ཁུལ་དུའང་དེ་ལྟར་ཡིན། དོན་དངོས་དེ་ལྟ་བུ་ལས་བོད་ཀྱི་ཐོན་ལས་འཕེལ་རྒྱས་གཏོང་བར་ངེས་པར་དུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་དགོས་པ་དང་། བོད་ཀྱི་ཁྱད་ཆོས་དང་ལེགས་ཆ་དང་མཐུན་ལ་མང་ཚོགས་དབུལ་པོ་ཞུགས་པ་དང་ཁོང་ཚོ་ལས་ཀ་བྱེད་པར་འཚམ་པའི་ཐོན་ལས་ཤིག་འདེམས་དགོས་པའི་ཐག་ཆོད་ཡོད།

“རྒྱལ་ཡོངས་ཀྱི་ཞིང་འབྲོག་ལས་ཀྱི་འཕེལ་རྒྱས་ཆུ་ཚད་བཀོད་པའི་ས་བཀྲའི་ནང་བོད་ནི་གཏིང་ཧ་ཅང་རིང་བའི‘རོང་ས’ཞིག་ཡིན། དབུལ་སྐྱོར་གསར་སྤེལ་ལས་དོན་གྱི་གཡུལ་ས་གཙོ་བོ་ཐག་རིང་རྗེས་ལུས་ཀྱི་ཞིང་འབྲོག་ཁུལ་ཡིན་ཞིང་། ས་ཁོངས་དེ་དག་ཏུ་ཐོན་ལས་གཉིས་པ་དང་གསུམ་པ་འཕེལ་རྒྱས་གཏོང་བའི་རྨང་གཞི་ཞན་པ་དང་། ཆ་རྐྱེན་སྐྱོ་བ། རྣམ་གྲངས་མེད་པ། ཐོན་ལས་དང་པོའི་ཆུ་ཚད་མཐོ་རུ་སོང་ཚེ་ཞིང་འབྲོག་པ་དབུལ་སྒྲོལ་ཐུབ་རྒྱུར་གཞི་ནས་རྨང་གཞི་བརྟན་པོ་ཞིག་འདིང་ཐུབ”ཅེས་བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཐིང་གི་ཐིང་ཀྲང་ཏུའུ་ཅེ་ཡིས་བཤད།

ཐོན་ལས་དང་པོའི་ཆུ་ཚད་མཐོ་རུ་གཏོང་བར་ཐོན་ལས་ཅན་ནི་ཐབས་ལམ་ཉག་ཅིག་ཡིན། “ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་ཀྱིས་སྤུས་ལེགས་སོན་བཟང་དང་སྔོན་ཐོན་ལག་རྩལ་ཁྱབ་གདལ་ཤུགས་ཆེན་བཏང་བ་དང་། ས་ཁུལ་སོ་སོའི་ཁྱད་ཆོས་ལ་བརྟེན་པ། ཐོན་ཁུངས་ཀྱི་གཏིང་ཤུགས་སྔོག་འདོན་བྱས་པ་བཅས་ལས་བོད་ཀྱི་ཞིང་འབྲོག་ཐོན་རྫས་ཀྱི་ཐོན་འབོར་མང་དུ་དང་། སྤུས་ཚད་མཐོ་རུ། ཕན་འབྲས་ཆེ་རུ་བཅས་ནུས་ལྡན་སོང་ལ། ཞིང་འབྲོག་པ་འབབ་འཕར་ཡོང་རྒྱུར་ཡང་སྐུལ་མ་ནུས་ལྡན་ཐུབ་ཡོད”ཅེས་ཞིང་ལས་གྲོང་གསེབ་པུའུ་ཡི་བོད་སྐྱོར་ལས་བྱེད་པ་ཡིན་པའི་རང་སྐྱོང་ལྗོངས་ཞིང་ལས་ལག་རྩལ་ཁྱབ་གདལ་ལྟེ་གནས་ཀྱི་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཀྲེ་ཞང་གིས་བཤད།

རྩིག་རྨང་བརྟན་པོ་དགོས་ལ་ཐོག་སོ་ཡང་མཐོ་པོ་དགོས། ཐོན་ལས་ཀྱི་ངོ་བོ་དང་ལས་བགོ་ལས་ཐོན་ལས་དང་པོ་ཁོ་ནར་བརྟེན་ཚེ་ཕྱུག་འགྱུར་འབྱོར་འབྲིང་ཕྱོགས་སུ་སྐྱོད་དཀའ་བ་ཞིག་ཡིན་པ་ར་འཕྲོད་ཐུབ་ཡོད། ཆོད་སྡོམ་དེ་ལ་བརྟེན་ནས་བོད་ཀྱིས་ཁྱད་ལྡན་ཞིང་འབྲོག་ཐོན་ལས་དང་ཞིང་ལས་དང་ཡུལ་སྐོར་ཐོན་ལས་གཙོ་གནད་དུ་བྱས་པའི་ཐོན་ལས་གཉིས་པ་དང་གསུམ་པ་འཕེལ་རྒྱས་ཤུགས་ཆེན་བཏང་ཡོད།

“རང་སྐྱོང་ལྗོངས་ཀྱིས་གཙོ་ཁྲིད་ཐོན་ལས་གཉིས་ཡིན་པའི་ནས་དང་འབྲི་གཡག་འཕེལ་རྒྱས་གཏོང་རྒྱུ་མངོན་གསལ་དོད་པའི་ཁ་ཕྱོགས་གཏན་འཁེལ་བྱས་པ་མ་ཟད། ཞིང་ལས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་དབུལ་སྒྲོལ་ལ་གཙོ་གནད་རོགས་སྐྱོར་བྱས་ཡོད། འདི་ལོའི་ལོ་སྟོད་དུ། དབུལ་སྐྱོར་རྣམ་གྲངས་ལག་ལེན་བསྟར་ཏེ་ནས་ཏུན་ཁྲི་9.5ལས་སྣོན་གཞན་སྒྱུར་བྱས་པ་དང་འབྲི་གཡག་མགོ་གྲངས་ཁྲི་2.79གཞི་ཁྱོན་ཅན་གྱི་གསོ་ཚགས་དང་ལས་སྣོན་བྱས་པས་ཞིང་འབྲོག་པ་ཁྲི་ལ་ཉེ་བ་དབུལ་སྒྲོལ་ཡོང་རྒྱུར་ཐད་ཀར་སྐུལ་ཁྲིད་ཐུབ་ཡོད”ཅེས་ཞིང་ལས་གྲོང་གསེབ་པུའུ་ཡི་བོད་སྐྱོར་ལས་བྱེད་པ་ཡིན་པའི་བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཐིང་གི་ཐིང་ཀྲང་གཞོན་པ་ཅིན་ཝུན་ཁྲེང་གིས་བཤད།

“ལོ་ལྔ་ཚན་བཅུ་གསུམ་པའི”རིང་མི་ཁྲི་23.8ཐོན་ལས་དབུལ་སྒྲོལ་བྱ་རྒྱུའི་དམིགས་ཚད་ལ་གཞིགས་ཏེ། བོད་ཀྱི་ས་ཆ་ཁག་གིས་ཐོན་ལས་འཕེལ་རྒྱས་ལ་གཏོང་ཆ་གཏོང་ཤུགས་མུ་མཐུད་ཆེ་རུ་བཏང་བ་དང་། མ་དངུལ་དང་དངུལ་རྩའི་ཡིད་རྟོན་དངུལ་བུན་གྱི་སྟོབས་ཤུགས་བསྡུ་སྒྲིལ་གང་ལེགས་བྱས་པ། གཟིགས་སྐྱོང་སྲིད་ཇུས་བཏོན་པ་བཅས་ལས་ཐོན་ལས་གཞི་རིམ་དུ་རྩ་བ་ཚུགས་ཡོད། “ལོ་ལྔ་ཚན་བཅུ་གསུམ་པའི”ཚུན་དུ། བོད་ཀྱི་རིམ་ཁག་ནོར་སྲིད་ཀྱིས་རིམ་རྩིས་བྱས་ན་ཐོན་ལས་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར་267.4བཏང་ནས་ཐོན་ལས་དབུལ་སྐྱོར་རྣམ་གྲངས་2069ལག་བསྟར་བྱས་པ་ལས་མི་ཁྲི་14.87དབུལ་སྒྲོལ་ཡོང་རྒྱུར་ཐད་ཀར་སྐུལ་ཁྲིད་ཐུབ་པ་དང་ཁྱོན་མི་ཁྲི་24ལྷག་ཙམ་ལ་ཐོན་ལས་དབུལ་སྐྱོར་གྱི་ཕན་པ་ཐོབ་ཡོད།

“མཁའ་ལམ”གྱི་འགག་གནད་བསལ་བ།

ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ནི་དབུལ་སྒྲོལ་འགག་སྒྲོལ་གྱི་འགག་རྩའི་དམག་འཐབ་དྲག་པོ་ཞིག་ཡིན་ཞེས་པའི་ཆོད་གཏམ་དེ་བོད་དུ་མཚོན་ཚུལ་སྔར་བས་མངོན་གསལ་དོད་པོ་ཡོད། བོད་ཀྱི་ས་གནས་འགའ་ཤས་ཀྱི་རང་བྱུང་ཆ་རྐྱེན་སྐྱོ་བ་དེ་དོན་དམ་དུ་དབུལ་པོའི་ནང་གི་དབུལ་པོ་དང་དཀའ་གནད་ནང་གི་དཀའ་གནད་ཅིག་ཡིན་པས་དབུལ་སྐྱོར་བྱེད་དགོས་བསམས་ཀྱང་བྱེད་ཁག་པོ་ཡོད།

མིག་སྔའི་བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་གཡུལ་ས་ཆེ་གྲས་གཙོ་བོ་གསུམ་སྟེ་ཆབ་མདོ་དང་། གཞིས་རྩེ། ནག་ཆུ་བཅས་ཡིན། ཁྱོན་ཡོངས་ནས་ཤིན་ཏུ་དབུལ་བའི་ས་ཁུལ་དེ་དག་ཏུ་ལྗོངས་ཡོངས་ཀྱི་མི་འབོར་དབུལ་པོ་88.9%དང་ཤིན་ཏུ་དབུལ་བའི་གྲོང་ཚོ་88.1%འདུས་ཡོད། དེ་དག་ནི་ལྗོངས་ཡོངས་ཀྱི་དབུལ་ཤོས་དང་། དབུལ་སྐྱོར་མ་གནས་མཐོ་ཤོས། དབུལ་སྒྲོལ་དཀའ་ཚེགས་ཆེ་ཤོས། གནས་སྤོའི་ལས་འགན་ལྕི་ཤོས་བཅས་ཀྱི་ས་ཁོངས་ཤིག་ཡིན།

བོད་ཀྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་འཆར་གཞི་ཧྲིལ་པོར་གཞིགས་ན། དེ་ནི་མི་འབོར་དབུལ་པོ་ཁྲི་20ལྷག་ཙམ་དང་འབྲེལ་བ་ཡོད་པའི་དབུལ་སྒྲོལ་གནས་སྤོ་གཞི་རྒྱ་ཆེན་པོ་ཞིག་ཡིན་ཞིང་། བོད་བྱང་ཐང་གི་ས་མཐོ་ནས་བོད་ལྷོའི་གྲོག་རོང་དང་ཇོ་མོ་གླང་མ་ནས་ཡར་ཀླུང་གཙང་པོ་བར་གྱི་ས་བབ་མཐོ་བ་དང་། ཐག་རིང་ལུང་ཁུག སྣོད་བཅུད་ཞན་པ། ཡུལ་ནད་ཐོན་ཆེ་ཤོས་བཅས་ཀྱི་ཞིང་འབྲོག་པ་ཚོས་སྲིད་གཞུང་གི་བཀོད་སྒྲིག་དང་སྒྲིག་འཛུགས་འོས་འཚམ་འོག ཐོན་སྐྱེད་རྒྱུ་ཆ་ཕུན་སུམ་ཚོགས་པ་དང་སྤྱི་པའི་ཞབས་ཞུ་དང་རྨང་གཞིའི་སྒྲིག་བཀོད་ཅུང་འཐུས་སྒོ་ཚང་བའི་ས་ཁུལ་དུ་གོ་རིམ་ལྡན་པའི་ངང་གནས་སྤོ་བྱེད་བཞིན་ཡོད།

མིག་སྔར་བོད་དུ་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་བཀོད་སྒྲིག་ས་ཚིགས860བསྐྲུན་པར་དུད་ཚང་ཁྲི་2.78ཀྱི་མི་ཁྲི་11.7སྤོས་པ་དང་། ས་བབ་མཐོ་ཚད་སྨི་4800ཡན་ཟིན་པའི་ས་ཁུལ་དུ་གནས་སྡོད་བྱེད་མཁན་མང་ཚོགས་ལ་དམིགས་ཏེ། སྣོད་བཅུད་སླར་གསོ་བཅོས་སྒྲིག་དང་དབུལ་སྒྲོལ་འགག་སྒྲོལ་ཕྱོགས་གཉིས་ཀར་རྒྱལ་ཁ་ཐོབ་པ་བྱ་རྒྱུ་དམིགས་ཡུལ་དུ་བཟུང་ནས་མི་ཁྲི་13གྱི་གནས་སྤོའི་འཆར་གཞི་ལེགས་གྲུབ་ཟིན་ཡོད། ཁྲེང་ཀོན་ཆུས་ཕན་བདེ་གླིང་དང་། ཆུ་ཤུར་རྫོང་གི“གསུམ་ལྡན་གྲོང་ཚོ”དང“དུས་བཞི་བཀྲ་ཤིས་གྲོང་ཚོ” ཡངས་པ་ཅན་གྱི་གྲུམ་ནད་ཕོག་མཁན་གཅིག་སྡུད་གནས་སྤོ་ས་ཚིགས་སོགས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་དཔེ་མཚོན་ཁག་གཅིག་ལྗོངས་ཡོངས་སུ་ཀུན་གྱིས་གླེང་ཞིང་། ཞིང་འབྲོག་པ་དེ་བས་མང་བས་སྡོད་ཁང་གསར་པར་སྤོ་འདོད་ཆེན་པོ་བྱེད་ཀྱི་ཡོད།

“མཁའ་ལམ”གྱི་ལྕགས་དྲ་དམ་ཚགས་སུ་བཏང་བ།

དབུལ་སྒྲོལ་འགག་སྒྲོལ་གྱི“མཁའ་ལམ”ལ་རྨང་གཞི་བརྟན་ཞིང་ལམ་ཁ་སྙོམས་པའི་མྱུར་བགྲོད་ལམ་བུ་ཞིག་དགོས་པ་མ་ཟད། ད་དུང་འགན་ལེན་བྱེད་སྟངས་ཞིབ་ཚགས་ལ་ཐ་སྐྱོང་བྱེད་སྟངས་ཆ་ཚང་བའི་ར་སྐོར་བ་དང་སྲུང་སྐྱོང་དྲ་བ་ཞིག་ཀྱང་ཡོང་བ་བྱས་ནས་དབུལ་སྒྲོལ་གྱིས་འབྱོར་འབྲིང་ལམ་དུ་སྐྱོད་པའི“མཁའ་ལམ”བརྒྱུད་བརྟན་པོའི་ངང་ཐག་རིང་དུ་སྐྱོད་ཐུབ་པ་དང་གཅིག་ཀྱང་མ་ལུས་པ་བྱེད་དགོས།

ད་ལྟ་བོད་དུ་སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ་དང་། རིན་མི་དགོས་པའི་སྨན་བཅོས་རྨང་གཞིར་བྱེད་པ། སྲིད་གཞུང་དང་། མཉམ་སྡེབ། མི་སྒེར། སྤྱི་ཚོགས་བཅས་ཀྱིས་ཐབས་ལམ་མང་པོ་བརྒྱུད་མ་དངུལ་གྲབས་གསོག་བྱེད་པ་བཅས་ཀྱི་གཞི་རྩའི་སྨན་བཅོས་འགན་བཅོལ་ལམ་ལུགས་ཡོངས་སུ་ཁྱབ་པ་དང་། ནད་ཆེན་སྤྱི་འདོམས་དང་། སྒོ་བསྟེན་སྨན་བཅོས་ཀྱི་ཁྱིམ་ཚང་རྩིས་ཁྲ། སྨན་བཅོས་འགལ་བཅོལ་ཐེབས་རྩ་བཅས་ཟུང་འབྲེལ་བྱུང་བ། སྨན་ཁང་དུ་སྡོད་རིང་སྔོན་ལ་སྨན་བཅོས་དང་རྗེས་ལ་སྨན་རིན་སྤྲོད་ཆོག་པ་ལས་སྨན་པ་བསྟེན་པའི་ཐད་ཀྱི་མང་ཚོགས་དབུལ་པོའི་ཁུར་པོ་ཡང་དུ་སོང་ཡོད།

སྨན་པ་དང་ནད་སྐྱོང་པ་མི་འདང་བ་དང་སྨན་བཅོས་ཆུ་ཚད་མཐོ་པོ་མེད་པ་སོགས་ཀྱི་དཀའ་གནད་མདུན་དུ་རང་སྐྱོང་ལྗོངས་ཀྱིས“ཕྱི་ཕྱོགས་རོགས་སྐྱོར”ནང་འདྲེན་ཧུར་ཐག་བྱས་ཤིང་། མིག་སྔར་ཞིང་ཆེན་དང་གྲོང་ཁྱེར་7གྱི་སྨན་ཁང་65ཡིས་བོད་ཀྱི་ས་ཁུལ་དང་གྲོང་ཁྱེར་ཁག་གི་སྨན་ཁང་ལ་ཁ་གཏད་རོགས་སྐྱོར་བྱེད་ཀྱི་ཡོད། རིམ་མཐོ་དང་། རྩེར་སོན། ཆེད་ལས་བཅས་ཀྱི་སྨན་བཅོས་ཤེས་ལྡན་པ་འབོར་ཆེན་ནང་འདྲེན་བྱས་ཏེ་བོད་ཀྱི་སྨན་བཅོས་ཐད་ཀྱི་ལག་རྩལ་གསར་པའི་རྣམ་གྲངས་གསར་པ་398ཀྱི་སྟོང་ཆ་བསྐངས་པ་དང་། ས་མཐོའི་ནད་དང་ཡུལ་ནད་རིགས་130ལྷག་ཙམ་སྨན་བཅོས་ཐུབ་པ། རོགས་ཁྲིད་རྣམ་པའི་ཐོག་ནས་ས་གནས་དེ་གའི་སྨན་བཅོས་ཤེས་ལྡན་པ་700ལྷག་ཙམ་གསོ་སྐྱོང་བྱས་ཡོད།

དབུལ་སྐྱོར་བྱེད་རིང་སྔོན་ལ་བློ་སྐྱོར་དང་དེ་ནས་རིག་སྐྱོར་བྱས་ཤིང་། ལོ་གསུམ་རིང་རང་སྐྱོང་ལྗོངས་ཀྱིས་ཀྲུང་དབྱང་གི་མཛུབ་སྟོན་ལག་ལེན་ནན་པོ་བསྟར་ཏེ། ལོ་ལྟར་དགེ་རྒན་800བོད་དུ་སློབ་སྐྱོར་བྱེད་པར་བསྡུ་ལེན་བྱས་པ་དང་སློབ་གསོ་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་སྤེལ་བར་གཞོགས་འདེགས་བྱས་ཡོད། སློབ་གསོར་མཐོང་ཆེན་བྱེད་པ་དེ་སྲིད་གཞུང་དང་མང་ཚོགས་ཀྱི་ཐུན་མོང་བྱ་སྤྱོད་ཅིག་ཏུ་གྱུར་ཞིང་། བོད་དུ་སློབ་ཞུགས་གོང་གི་སློབ་གསོ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འོས་འགན་སློབ་གསོ། མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་སློབ་གསོ་བཅས་ལོ་བཅོ་ལྔའི་འོས་འགན་སློབ་གསོ་རྒྱལ་ཡོངས་སུ་དང་ཐོག་མངོན་འགྱུར་བྱུང་བ་དང་སློབ་གྲྭར་ཞུགས་ཚད་དང་སྲ་བརྟན་བྱུང་ཚད་ལོ་བསྟུད་མར་མཐོ་རུ་སོང་ཡོད།

སློབ་གསོ་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་བོད་ཀྱི་གཞི་རིམ་གྱི་སློབ་གྲྭ་འབྲིང་ཆུང་ཁག་ཏུ་གཏིང་ཟབ་སྤེལ་ཏེ། མངགས་ཉོ་རྣམ་པའི་ཐོག་ནས་རོགས་སྐྱོར་བྱེད་པར་མངགས་པ་དང་། རྩིས་རིག་དང་། དངོས་ཁམས་རིག་པ། རྫས་འགྱུར་རིག་པ་བཅས་ཀྱི་དགེ་རྒན་ཤིན་ཏུ་དཀོན་པའི་བོད་ཀྱི་གནད་དོན་གནད་ལ་འཁེལ་པོས་ཐག་གཅོད་བྱས་པ། ལོ་ལྟར་བོད་སྐྱོར་དགེ་རྒན་ནང་རྩིས་རིག་དང་། དངོས་ཁམས་རིག་པ། རྫས་འགྱུར་རིག་པ་བཅས་ཀྱི་དགེ་རྒན་ཕྱེད་ཀ་ཡན་ཟིན་ནས་བོད་ཀྱི་དེང་རབས་སློབ་གསོའི་ཆུ་ཚད་མཐོ་རུ་གཏོང་རྒྱུར་སྒུལ་ཤུགས་གསར་པ་ཞིག་བསྣན་ཡོད།

རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་ཤིང་། ཀྲུང་དབྱང་གི་རྒྱབ་སྐྱོར་དང་། གོང་འོག་སེམས་པ་གཅིག་སྒྲིལ། རྒྱལ་ཡོངས་ཀྱི་རོགས་སྐྱོར་བཅས་ཀྱི་འོག་བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི“མཁའ་ལམ”འདི་ཇི་ཙམ་བསྐྱོད་པ་དེ་ཙམ་གྱིས་ཡངས་སུ་འགྲོ་རྒྱུ་དང་། འབྱོར་འབྲིང་དང་དར་རྒྱས་ཀྱི་དམིགས་ཚད་དང་ཐག་ཇེ་ཉེར་འགྲོ་རྒྱུ། མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་སྐྱིད་འཚོ་བ་མཚོན་པའི་གངས་ལྷ་མེ་ཏོག་རྒྱུན་མི་ཆད་པར་བཞད་རྒྱུ་བཅས་རེད། (《ཞིང་པའི་ཉིན་རེའི་ཚགས་པར》གྱི་2018ལོའི་ཟླ་9ཚེས་21ཉིན་གྱི་པར་ངོས་བཞི་པ་ནས་བཏུས)


རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།