བདེ་སྐྱིད་ལྡན་པའི་འཚོ་བ་གསར་པ་བཏོད།

བོད་ལྗོངས་ཉིན་རེའི་ཚགས་པར།

| 2018-11-01 11:14:38

QQ截图20181015154250.png

རིག་གནས་རྒྱུན་འཛིན་གྱིས་མང་ཚོགས་ཀྱི་འཚོ་བ་ཕུན་སུམ་ཚོགས་སུ་བཏང་བ།

“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྔར་བས་གཏིང་ཟབ་སྤེལ་བ་དང་བསྟུན་ནས་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ལྕང་ལོ་ཁང་གསར་སྡེ་ཁུལ་གྱིས“མི་སེར་གྱི་སློབ་ཁང”བཙུགས་ཏེ་མི་རིགས་སྒྱུ་རྩལ་གསོ་སྦྱོང་འཛིན་གྲྭ་དང་རིག་གནས་བྱང་ཚད་མཐོར་གཏོང་འཛིན་གྲྭ་གཉེར་བས་ས་གནས་དེ་གའི་མི་སེར་གྱི་དགའ་བསུ་ཐོབ་པ་དང་སློབ་ཚན་ཚོགས་འགོ་ཚུགས་པ་ནས་བཟུང་མཚམས་ཆད་མྱོང་མེད་པ་མ་ཟད། ཇི་ཙམ་གཉེར་བ་དེ་ཙམ་གྱིས་སྡེ་ཁུལ་གྱི་གྲོང་མིའི་ཡིད་དབང་བཀུག་ཡོད།

“སྟོད་གཞས་ནི་གཞིས་རྩེ་གྲོང་ཁྱེར་དུ་དར་ཁྱབ་ཆེ་བའི་གླུ་གཞས་དང་། ཞབས་བྲོ། རོལ་དབྱངས་བཅས་གཞི་གཅིག་ཅན་གྱི་དམངས་ཁྲོད་གླུ་གར་ཞིག་དང་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཅིག་རེད། ང་མི་རིགས་ཀྱི་སྒྱུ་རྩལ་ལ་ཧ་ཅང་དགའ་པོ་ཡོད། རྒན་ཡོལ་ཞུས་རྗེས་ཁོམ་པ་བྱུང་ཚེ་ཚང་མ་འབོད་སྐུལ་བྱས་ནས་བོད་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སློབ་སྦྱོང་དང་རྒྱུན་འཛིན་གྱིས་ལས་ཞོར་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་རྩིས་ཡོད”ཅེས་བརྗོད་པ་དང་ལོ་58ལ་སླེབས་པའི་བསྟན་འཛིན་ནི་དེ་སྔ་བསམ་གྲུབ་རྩེ་ཆུས་སློབ་ཆུང་དང་པོའི་དགེ་རྒན་ཡིན་པ་དང་མི་རིགས་ཀྱི་སྒྱུ་རྩལ་གསོ་སྦྱོང་འཛིན་གྲྭ་གཉེར་རྒྱུ་ནི་ཁོང་གིས་བཏོན་པའི་ཐབས་ཤེས་ཤིག་རེད།

“དང་ཐོག་ས་ཆ་རིན་མེད་ངང་མཁོ་འདོན་བྱས་ཏེ་སྡེ་ཁུལ་གྱི་གྲོང་མིའི་ལས་ཞོར་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་རྒྱུ་དེ་ཁོ་ན་ཙམ་ཡིན”སྐབས་དེ་དུས་ཀྱི་ལས་ཀ་ཆུང་ཙག་ཅིག་ད་ཆའི་སྣ་མང་ཕུན་སུམ་ཚོགས་པའི“མི་སེར་གྱི་སློབ་ཁང”ཞིག་ཏུ་འགྱུར་ཡོང་སྙམ་པ་སྡེ་ཁུལ་ཏང་ཀྲི་པུའི་ཧྲུའུ་ཅི་ཀྲན་ཡུང་གི་བསམ་ཡུལ་ལས་འདས།

ལྕང་ལོ་ཁང་གསར་སྡེ་ཁུལ་གཞིས་རྩེ་གྲོང་ཁྱེར་རྫོང་རིའི་གཤམ་དུ་གནས་པ་དང་དེར་བོད་རིགས་དང་། རྒྱ་རིགས། ཧུད་རིགས་སོགས་མི་རིགས་13འཚོ་བ་སྐྱེལ་བཞིན་ཡོད་པ་དང་སྡེ་ཁུལ་དུ་ཁྱོན་དུད་ཚང་5557གྱི་མི་གྲངས་18804ཡོད་པ་ནི་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ་དང་། རྒྱལ་ཡོངས་ཀྱི་དང་བླངས་ཞབས་ཞུའི་སྡེ་ཁུལ་ཡག་ཤོས། རང་སྐྱོང་ལྗོངས་ཀྱི་ཤེས་དཔལ་སྡེ་ཁུལ་བཅས་རེད།

འདི་ནི་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ལྕང་ལོ་ཁང་གསར་སྡེ་ཁུལ་གྱི་མི་རིགས་སྒྱུ་རྩལ་གསོ་སྦྱོང་འཛིན་གྲྭའི་སློབ་མས་ལེ་ཚན་ནང་སྦྱོང་བྱེད་བཞིན་པ།

ཤེས་བྱ་བསླབས་ནས་མང་ཚོགས་ཀྱི་བསམ་པའི་རིག་གནས་ཕུན་སུམ་ཚོགས་སུ་བཏང་བ།

2016ལོར་མི་རིགས་སྒྱུ་རྩལ་གསོ་སྦྱོང་འཛིན་གྲྭ་དངོས་སུ་སློབ་འགོ་ཚུགས་པ་དང་མིག་སྔར་མི་རིགས་སྒྱུ་རྩལ་གསོ་སྦྱོང་འཛིན་གྲྭར་དབྱང་ཆིན་དང་། སྒྲ་སྙན། ཞབས་བྲོ་བཅས་འཛིན་གྲྭ་གསུམ་ལ་དབྱེ་སྟེ་སྒྲ་སྙན་དང་། དབྱང་ཆིན། གླིང་བུ། པི་ཝང་། སྟོད་གཞས། གསར་བརྗེའི་གླུ་གཞས་སོགས་རིག་གནས་རྣམ་གྲངས་བསླབས་པར་ཁྱོན་སློབ་མ་177ཡོད་པ་རེད།

གསར་འགོད་པ་རིག་གནས་བྱང་ཚད་མཐོར་གཏོང་འཛིན་གྲྭའི་སློབ་ཁང་ནང་སྐྱོད་སྐབས་སློབ་ཁང་ནང་མིས་ཁེངས་པ་དང་། ཁོང་ཚོས་སྐབས་རེ་ཟིན་བྲིས་རྒྱག་པ་དང་སྐབས་རེ་སྐད་ཆ་བྲིས་པ་སོགས་ཚ་ཚ་འུར་འུར་གྱི་སློབ་སྦྱོང་བྱེད་སྟངས་ལས་འཆམ་མཐུན་གྱི་རྣམ་པ་ཞིག་མངོན་བཞིན་འདུག

ཀྲན་ཡུང་གིས་གསར་འགོད་པར་རིག་གནས་བྱང་ཚད་མཐོར་གཏོང་འཛིན་གྲྭ་བདེ་བླག་ངང་གཉེར་ཐུབ་པར་རྒན་བསྟན་འཛིན་ལགས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཤད།

མི་རིགས་སྒྱུ་རྩལ་གསོ་སྦྱོང་འཛིན་གྲྭ་གཉེར་བ་ལས་བསྟན་འཛིན་ལ་རིག་གནས་བྱང་ཚད་མཐོར་གཏོང་འཛིན་གྲྭ་གཉེར་རྒྱུའི་བློ་སྒོ་འབྱེད་པ་དང་བསམ་ཚུལ་དེར་འཕྲལ་མར་སྡེ་ཁུལ་གྱི་རྒྱབ་སྐྱོར་ཐོབ་ཡོད། 2017ལོའི་ཟླ་7པར་རིག་གནས་བྱང་ཚད་མཐོར་གཏོང་འཛིན་གྲྭ་གཉེར་སྐབས་བསྟན་འཛིན་སླར་ཡང་འཆད་སྟེགས་ཐོག་བསྐྱོད་དེ་སྡེ་ཁུལ་གྱི་གྲོང་མིར་བོད་ཡིག་སློབ་ཁྲིད་བྱས་པ་རེད།

“ང་བོད་ཡིག་དགེ་རྒན་བྱེད་མྱོང་ཡོད། བོད་ཡིག་སློབ་ཁྲིད་བྱ་རྒྱུ་ནི་ངའི་ལས་རིགས་རྙིང་པ་ཞིག་རེད། སྡེ་ཁུལ་གྱིས་ངར་མང་ཚོགས་ལ་ཞབས་འདེགས་ཞུ་བའི་གོ་སྐབས་སྤྲད་དེ་ང་རང་གི་ནུས་པ་ལྷག་མ་འདོན་ཐུབ་པ་བྱུང་བས་ཐུགས་རྗེ་ཆུ་ཞུ་རྒྱུ་ཡིན”“ད་ཆ་འཛིན་གྲྭ་ཆེ་ཆུང་གཉིས་གཉེར་བར་སློབ་མ་100ལྷག་ཙམ་ཡོད། ཁོང་ཚོ་ཤེས་བྱ་སྦྱོང་རྒྱུར་དགའ་པོ་འདུག་པས་ང་རང་གིས་བྱས་པ་ཚང་མར་དོན་སྙིང་ལྡན་འདུག”ཅེས་བསྟན་འཛིན་གྱིས་སེམས་འགུལ་ཆེན་པོའི་སྒོ་ནས་བཤད།

ལོ་53ལ་སླེབས་པའི་ཁེར་རྐྱང་གཉེར་སྐྱོང་དུད་ཚང་གི་ཚེ་རིང་དབང་མོ་ནི་ཆུང་དུས་ནས་སློབ་གྲྭ་འགྲིམ་མྱོང་མེད་པས་ཁོང་གིས་ཡི་གེ་མ་ཤེས་ན་ཁ་སྐྱེངས་པོ་ག་ཚོད་ཡོད་མེད་ཤེས་ཀྱི་ཡོད། ལོ་གཅིག་སློབ་སྦྱོང་བྱས་པ་བརྒྱུད་ཁོ་མོར་གྲུབ་འབྲས་ཡག་པོ་ཐོབ་པ་མ་ཟད། ད་དུང་ཚ་བོ་ཆུང་བར་ཡི་གེ་སློབ་ཐུབ་ཀྱི་ཡོད། ཁོང་གིས་གསར་འགོད་པར་སློབ་སྦྱོང་བྱས་པ་བརྒྱུད་ངས་བདེ་སྐྱིད་ཀྱི་འཚོ་བ་ནི་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་ཤེས་བྱུང་ཞེས་བཤད།

ད་ཆ་ཚེ་རིང་དབང་མོས་རང་ཉིད་ཕྱུག་པོར་གྱུར་རུང་ཁྱིམ་མཚེས་ཚོ་མ་བརྗེད་པར་ལོ་ལྟར་དུས་ཆེན་སྐབས་དུད་ཚང་དབུལ་པོར་འཚམས་འདྲི་བྱེད་ཀྱི་ཡོད། 2017་ལོའི་བོད་པའི་ལོ་གསར་སྐབས་ཁོང་གིས་དུད་ཚང་དབུལ་པོ་14ལ་རིན་ཐང་སྒོར་ཁྲི་2རི་བའི་དངོས་ཟོག་སྤྲད་པ་རེད།

བསམ་བློར་བཅིངས་འགྲོལ་བཏང་ནས“མི་སེར་སློབ་ཁང”གནད་སྨིན་འཐུས་ཚང་ཕྱོགས་སུ་འཕེལ་རྒྱས་བཏང་བ།

ལོ་60ལ་སླེབས་པའི་ཚེ་དབང་གིས་དབྱང་རྟགས་ལྟ་ཞོར་དུ་སྒྲ་སྙན་གཏོང་བཞིན་འདུག ལས་ཞོར་གྱི་དགའ་ཕྱོགས་ཤིག་ཡིན་རུང་བལྟས་ན་གོམས་བྱང་ཅན་ཞིག་དང་གཉིས་སུ་མེད།

གཞན་ཡང་ལོ་གཅིག་ལྷག་ཙམ་གྱི་གོང་དུ་ཚེ་དབང་གིས་སྒྲ་སྙན་གཏོང་ཤེས་ཀྱི་མེད་ལ་ཡི་གེ་ཡང་ཤེས་ཀྱི་མེད། “ད་ཆ་དབྱང་རྟགས་ངོས་འཛིན་ཐུབ་ཀྱི་འདུག དབྱང་རྟགས་ཡོད་ན་ངས་སྒྲ་སྙན་གཏོང་ཤེས་ཀྱི་ཡོད། དེ་སྔ་ནང་མི་མཉམ་འཛོམས་བྱེད་སྐབས་ཆང་རག་འཐུང་བ་དང་ཅི་འཕྲོས་མོལ་འཕྲོས་ཤོད་རྒྱུ་ལས་མེད། ད་ཆ་ནང་མི་མཉམ་འཛོམས་བྱེད་སྐབས་ངས་སྒྲ་སྙན་གཏོང་གི་ཡོད། འཚོ་བ་སྐྱེལ་སྟངས་དེ་རིགས་དོན་སྙིང་ལྡན་པ་ཞིག་འདུག”ཅེས་འགྱུར་ལྡོག་སྐོར་གླེང་སྐབས་ཚེ་དབང་གིས་སྤོབས་པ་ཆེན་པོས་བཤད། ད་ཆ་ཁོང“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་རིག་རྩལ་འཁྲབ་སྟོན་ནང་ཞུགས་པས་སློབ་སྦྱོང་གི་སྤྲོ་སེམས་ཉིན་རེ་བཞིན་འཕེལ་བཞིན་ཡོད།

མི་རིགས་སྒྱུ་རྩལ་གསོ་སྦྱོང་འཛིན་གྲྭ་ཚ་ཚ་འུར་འུར་ངང་གཉེར་བཞིན་པ་དང་བསྟུན་ནས་ལྕང་ལོ་ཁང་གསར་སྡེ་ཁུལ་གྱིས་གསོ་སྦྱོང་འཛིན་གྲྭའི་ལེགས་ཆར་བརྟེན་ནས་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་བཙུགས་པ་རེད། གཙང་གི་ལོ་གསར་གྱི་དགོང་ཚོགས་དང་། “བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ”“མི་རིགས་མཐུན་སྒྲིལ་ཡར་ཐོན་ཉིན་མོ”རྒྱལ་སྟོན་སོགས་བྱེད་སྒོ་གལ་ཆེན་གང་ཞིག་ཡིན་རུང་ལྕང་ལོ་ཁང་གསར་སྡེ་ཁུལ་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་ཞུགས་ཀྱི་ཡོད།

ཀྲན་ཡུང་གིས་གསོ་སྦྱོང་འཛིན་གྲྭས་གཞི་རིམ་ལ་ཁ་ཕྱོགས་པ་དང་སྤྱི་ཚོགས་ལ་ཞབས་འདེགས་ཞུ་རྒྱུ་དམིགས་ཡུལ་དུ་བྱས་ཏེ་གཞི་རྩར་གཞིས་ཚུགས་པ་དང་ཆེད་ལས་འཕེལ་རྒྱས་རྩ་དོན་དུ་བྱས་ནས་སྡེ་ཁུལ་གྱི་མང་ཚོགས་ལ་རིག་རྩལ་གྱི་ས་བོན་བཏབ་པས་གསོག་འཇོག་དང་གསར་གཏོད་རྒྱུན་ཆད་མེད་པར་བྱས་པ་བརྒྱུད“མི་སེར་སློབ་ཁང”གི་སྤུས་རྟགས་འཐུས་ཚང་གི་ཕྱོགས་སུ་འཕེལ་རྒྱས་བྱུང་ནས་རིག་གནས་དམངས་ཆེད་དང་རིག་གནས་དམངས་ཕན་གྱི་མཐའ་མའི་དམིགས་ཡུལ་འགྲུབ་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

(བདེ་སྐྱིད་དང་དཀོན་མཆོག་སྒྲོལ་མས་སྒྱུར་ཞུས་བྱས)


རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།