མང་ཚོགས་ཀྱི་ལས་དབང་འགྱུར་ལྡོག་གཏོང་བའི་ལམ་བུ་ཞིག

ཤིན་ཧྭ་གསར་འགྱུར་ཁང་།

| 2014-12-18 00:15:19

2013ལོའི་ཟླ་10ཚེས་31ཉིན་ཁྱོན་རིང་ཚད་སྤྱི་ལེ་117ཡོད་པ་དང་བསྡོམས་མ་དངུལ་སྒོར་དུང་ཕྱུར་16བཏང་བའི་མེ་ཏོག་གཞུང་ལམ་ཐོག་རླངས་འཁོར་དངོས་སུ་ཤར་གཏོང་ཐུབ་ནས་མེ་ཏོག་རྫོང་འདི་ཉིད་གཞུང་ལམ་ཤར་གཏོང་ཐུབ་པའི་རྫོང་མཐའ་མར་གྱུར་བ་དང་འབྲེལ་ལོ་རྒྱུས་ཀྱི་དེབ་ཐེར་ཐོག་བཀོད་ཡོད།

“ས་མཐོའི་ཁེར་ཆགས་གླིང་ཕྲན”དེ་ཡུལ་སྐོར་གྱི་གནས་མཆོག་ཏུ་གྱུར་པ།

མེ་ཏོག་རྫོང་དུ་གཞུང་ལམ་ཤར་གཏོང་ཐུབ་ནས་ལོ་གཅིག་འཁོར་བའི་སྐབས་སུ་གསར་འགོད་པ་སླར་ཡང་མེ་ཏོག་རྫོང་དུ་བསྐྱོད་དེ“པད་མའི་མེ་ཏོག་གི་གནས་མཆོག”ཅེས་གྲགས་པའི་ཁུལ་དེའི་འགྱུར་ལྡོག་ལ་བཅར་འདྲི་བྱེད་པའི་ལས་ལ་ཞུགས།

མེ་ཏོག་རྫོང་དུ་གཞུང་ལམ་ཤར་གཏོང་མི་ཐུབ་གོང་།མེ་ཏོག་ཏུ་ལས་ཀ་བྱེད་མཁན་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོས《མེ་ཏོག་ལ་བཅངས་པའི་བརྩེ་སེམས》ཞེས་པའི་གཞས་ཤིག་བརྩམས་ཡོད།

ས་གནས་དེའི་བོད་སྐྱོར་ལས་བྱེད་པས་མེ་ཏོག་རྫོང་དུ་གཞུང་ལམ་ཤར་གཏོང་མ་ཐུབ་གོང་ས་གནས་དེར་བསྐྱོད་སྐབས་རྒྱ་མཚོའི་ཁྲོད་ཀྱི་ཁེར་ཆགས་གླིང་ཕྲན་ཞིག་ཏུ་བསྐྱོད་པ་ལྟ་བུའི་ཚོར་སྣང་ཡོང་བ་དང་།གངས་ཆེན་པོ་བབས་པའི་སྐབས་སུ་ལམ་འགག་ནས་ཟླ་བ་ཁ་ཤས་ཕྱིར་བསྐྱོད་ཐབས་བྲལ་བས་མེ་ཏོག་རྫོང་དུ་བསྐྱོད་མཁན་གྱི་བློ་ལ་བརྗེད་པར་དཀའ་བའི་མྱོང་ཚོར་ཞིག་ཡོང་གི་ཡོད་ཅེས་ཤོད་ཀྱི་འདུག

མེ་ཏོག་རྫོང་དུ་གཞུང་ལམ་ཤར་གཏོང་ཐུབ་རྗེས།ཐག་ཉེ་ཤོས་ཀྱི་སྤོ་བོ་རྫོང་ནས་མེ་ཏོག་ཏུ་བསྐྱོད་སྐབས་ཆུ་ཚོད་གསུམ་ཙམ་ལས་མི་འགོར་ཞིང་།ཆར་པ་དང་གངས་བབས་པའི་སྐབས་སུ་ཡང་སྤྱིར་ན་མེ་ཏོག་ཕྱོགས་སུ་བསྐྱོད་ཐུབ་ཀྱི་ཡོད།གཞུང་ལམ་ཤར་གཏོང་ཐུབ་པར་བརྟེན་མེ་ཏོག་རྫོང་དུ་འཚོ་བ་སྐྱེལ་མཁན་དང་ལས་ཀ་བྱེད་མཁན་ཚོར་དེ་བས་སྟབས་བདེ་བྱུང་བའི་ཐོག་ཡུལ་སྐོར་བའང་འབོར་ཆེན་ཞིག་གནས་དེའི་པད་མ་མེ་ཏོག་ལ་ལྟ་བར་ཡོང་གི་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན།2013ལོའི་ཟླ་དང་པོ་ནས་བཅུ་པའི་བར་མེ་ཏོག་རྫོང་དུ་ཡུལ་སྐོར་བྱེད་མཁན་མི་ཐེངས་ཁྲི་ལྔ་ཡང་ཟིན་གྱི་མེད།གཞུང་ལམ་ཤར་གཏོང་ཐུབ་རྗེས་ཡུལ་སྐོར་བ་མི་ཐེངས་ཁྲི་བདུན་ཙམ་ཟིན་པ་མ་ཟད།གཞུང་ལམ་ཤར་གཏོང་ཐུབ་པའི་རྐྱེན་གྱིས་ཡུལ་སྐོར་བ་མང་དུ་ཕྱིན་པས་ས་གནས་དེའི་མི་རིགས་ཁག་གི་མང་ཚོགས་ཀྱང་ཡུལ་སྐོར་གྱི་ལས་ལ་ཞུགས་ཏེ་ཕྱུག་པོའི་ལམ་དུ་བསྐྱོད་ཐུབ་པ་བྱུང་ཡོད།

མེ་ཏོག་རྫོང་གྲོང་དུ་ཡོད་པའི“མཚོ་མོའི་ཞིང་ཁྱིམ་སྤྲོ་སྐྱིད་ཁང”གི་སྦྱིན་བདག་ཐང་མིང་ཝུན་འགྲུལ་ཁང་བསྡུ་གསོག་རྒྱག་བཞིན་འདུགཁོང་གིས“ན་ནིང་ཡོང་འབབ་སྒོར་ཁྲི་བདུན་བྱུང་།འདི་ལོ་ཚུན་དུ་ཡོང་འབབ་སྒོར་ཁྲི་བཅུ་ཙམ་བྱུང་།ཕྱུག་པོ་ཆགས་འདོད་ན་སྔོན་ལ་ལམ་བཟོ་དགོས་ཞེས་པའི་གཏམ་དེ་བདེན་པ་རེད་འདུགགཞུང་ལམ་ཤར་གཏོང་ཐུབ་པ་དེས་ང་ཚོར་ཡང་ཡོང་འབབ་གསོག་པའི་གོ་སྐབས་ཐོབ་བྱུང”ཞེས་དགའ་ཚོར་ཆེན་པོས་བརྗོད་བྱུང་།

བོད་ལྗོངས་ཉིང་ཁྲིར་ཡུལ་སྐོར་གྱི་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད་ཅིང་།གཞུང་ལམ་ཤར་གཏོང་ཐུབ་པ་དེས་ཡུལ་སྐོར་བ་མང་པོ་ཞིག་ཡུལ་སྐོར་བྱ་རྒྱུར་སྟབས་བདེ་བྱུང་ཐོག་མེ་ཏོག་དང་བོད་ཀྱི་ཡུལ་སྐོར་ཐོན་ཁུངས་གསར་སྤེལ་ལའང་སྐུལ་མ་ཐེབས་ཡོད

གཞུང་ལམ་ནི་མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བ་ལེགས་སུ་གཏོང་བའི་རྨང་གཞི་ཡིན།

བོད་ཀྱི་ཤར་ལྷོའི་རྒྱུད་དུ་རི་མཐོ་གཡང་གཟར་གྱིས་ཁེངས་པས་འགྲོ་བདེ་པོ་མེད།“གཡང་གཟར་ཕྲང་ལམ་ཀྱག་ཀྱོག་མང་།འབྲེང་ཐག་ཤིང་ཟམ་བརྒྱུད་ནས་བསྐྱོད”ཅེས་པ་དེ་ཁུལ་དེའི་འགྲིམ་འགྲུལ་གནས་ཚུལ་དངོས་ཡིན་པ་དང་ལམ་མེད་པར་བརྟེན་མང་ཚོགས་ཀྱང་ཕྱིར་བསྐྱོད་པའི་གོ་སྐབས་དེ་བས་དཀོན་པོ་ཡོད།

སྐྱིད་རྡོག་ནི་མེ་ཏོག་རྫོང་མེ་ཏོག་གྲོང་ཚོའི་གྲོང་མི་ཞིག་ཡིན་ཞིང་།ལོ་བཅུ་གཅིག་ལ་སོན་པའི་སྐབས་སུ་གཞུང་ལམ་མེད་པར་བརྟེན་ཀུ་ལ་རྒྱུགས་པའི་ལས་མི་བྱེད་ཀ་མེད་དུ་གྱུར།ཕྱིས་སུ་གཞུང་ལམ་བཟོས་པར་བརྟེན་ཁོང་གི་ལས་དབང་ལ་འགྱུར་ལྡོག་ཕྱིན་ཏེ་འདྲུད་འཐེན་འཕྲུལ་འཁོར་དང་།རླངས་འཁོར།ས་འདྲུ་འཕྲུལ་འཁོར་སོགས་ཉོས་ནས་སྐྱེལ་འདྲེན་ལས་ལ་ཞུགས་པས་ད་ལྟ་སྦྱིན་བདག་ཆགས་ཡོད།

གཞུང་ལམ་བཟོས་པར་བརྟེན་ཁོང་དང་འདྲ་བའི་མང་ཚོགས་ཚོའི་འཚོ་བ་ལེགས་སུ་ཕྱིན་ཞིང་།སྤོ་བོ་རྫོང་ཁྲབ་རྨོག་གྲོང་རྡལ་བསམ་གཏན་གྲོང་ཚོའི་གྲོང་མི་700ལྷག་ཙམ་གྱི་ཁྲོད་ནས་ད་ཆ་གྲོང་མི་160ལྷག་ཙམ་མེ་ཏོག་གཞུང་ལམ་ཐོག་སྐྱེལ་འདྲེན་ལས་ལ་གཞོལ་བས་འཚོ་བ་ཕྱུག་ཏུ་ཕྱིན་ཡོད།

མི་སེར་ཕྱུག་པོ་ཆགས་རྒྱུར་ཕན་པའི་གཞུང་ལམ་གྱི་གལ་ཆེའི་རང་བཞིན་འདོན་སྤེལ་ཐུབ་ཆེད།བོད་ཀྱིས་འགྲིམ་འགྲུལ་གྱི་ཆ་རྐྱེན་ལེགས་སུ་གཏོང་རྒྱུ་དེ་གལ་ཆེའི་གནས་བབ་ཐོག་བཞག་ཅིང་།སྔོན་དཔག་བྱས་ན་2020ལོར་བོད་ཀྱི་གཞུང་ལམ་གྱི་སྤྱིའི་ལམ་ཐག་སྤྱི་ལེ་ཁྲི་11ཟིན་པ་བྱས་ནས་ལྗོངས་ཡོངས་སུ“ཕྱོགས་བཞི་མཚམས་བརྒྱད”དུ་བསྐྱོད་སའི་ལམ་ཡོད་པ་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་འགྲོ་རྒྱུར་རྨང་གཞི་འདིང་རྒྱུ་རེད།

མེ་ཏོག་མང་ཚོགས་ཀྱི་བསམ་བློའི་འདུ་ཤེས་ལ་འགྱུར་ལྡོག་གཏོང་བའི་ལམ་བུ་ཞིག

མེ་ཏོག་རྫོང་དུ་བཅར་འདྲི་བྱེད་སྐབས་མང་ཚོགས་མང་པོ་ཞིག་ཚེ་གང་ཕྱིར་བསྐྱོད་མྱོང་མེད་ཅིང་།“དེ་སྔ་སྟབས་བདེའི་རྩྭ་ཁང་ནང་སྡོད་རྒྱུ་བྱུང་བར་བློ་ཡིད་ཚིམ་པོ་བྱེད་ཀྱི་ཡོད”ཅེས་ཆུང་དུས་ཀུ་ལ་རྒྱུགས་མྱོང་བའི་བསྟན་འཛིན་རྒྱ་མཚོའི་སྐད་ཆ་དེ་ད་བར་གསར་འགོད་པའི་བློ་ལ་ངེས་ནས་ཡོད།

བསྟན་འཛིན་རྒྱ་མཚོས་ངོ་སྤྲོས་བྱས་པར་གཞིགས་ན།དེ་སྔའི་འཚོ་བ་ནི་རི་སྟེང་གི་ནགས་ཤིང་བསྲེགས་ནས་ཀོང་ཀོང་འདྲུས་ཏེ་དེའི་ནང་མ་རྨོས་ལོ་ཏོག་འདེབས་པ་དང་སྦར་མོ་གང་གི་ས་ཆའི་ཐོག“བསྲེགས་རྨོས་གྲིས་འདེབས”ཀྱི་འཚོ་བ་ཞིག་སྐྱེལ་ལ་སྤྱིར་ན་ཕྱི་རོལ་དང་འབྲེལ་བ་བྱེད་རྒྱུ་ཉུང་བས་མི་མང་པོ་ཞིག་གི་བསམ་བློའི་འདུ་ཤེས་རྙིང་ཞེན་བག་འཁུམས་ཡིན་ཞེས་་བཤད།

མེ་ཏོག་རྫོང་དུ་གཞུང་ལམ་ཤར་གཏོང་ཐུབ་རྗེས་མི་མང་པོ་ཞིག་ད་ལྟའི་གནས་བབ་ལ་བློ་ཡིད་ཚིམ་ནས་མ་བསྡད་པར་གོ་སྐབས་དམ་འཛིན་བྱས་ནས་ཡུལ་སྐོར་དང་སྐྱེལ་འདྲེན་ལས་ལ་གཞོལ་བས་ཕྱུག་པོ་ཆགས་ཡོད།བསྟན་འཛིན་རྒྱ་མཚོས་མཐའ་འཁོར་མི་རྣམས་ཀྱི་འཚོ་བར་འགྱུར་ལྡོག་བྱུང་བ་མཐོང་རྗེས་ཁོང་གི་སེམས་ནང་ཕྱུག་པོའི་ལམ་བུ་འཚོལ་རྒྱུའི་འདུན་པ་ཞིག་འཆར་ཏེ་ཡུལ་སྐོར་བ་མང་བའི་སྐབས་དང་བསྟུན་ནས་ཁྱིམ་ཚང་མགྲོན་ཁང་ཞིག་གཉེར་བ་དང་འདི་ལོ་ཁོ་ནར་ཡོང་འབབ་མི་ཉུང་བ་ཞིག་བྱུང་ཡོད།

མེ་ཏོག་རྫོང་དུ་བསྟན་འཛིན་རྒྱ་མཚོ་དང་འདྲ་བའི་ཞིང་འབྲོག་མང་ཚོགས་མང་པོ་ཞིག་གིས་དེ་སྔའི་ཀུ་ལ་རྒྱུགས་མཚམས་བཞག་ནས་ཁོང་ཚོས་ཁྲོམ་རའི་དཔལ་འབྱོར་ནང་ཞུགས་ཏེ་ཡངས་པའི་གནམ་ས་གསར་པ་ཞིག་གཏོད་བཞིན་ཡོད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།