ཁྲིམས་སྐྱོང་གིས་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་གཡས་གཞོགས་གཡོན་འདེགས་ཐུབ་པ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2015-01-14 10:08:02

“‘ཁྲིམས་ལྟར་རྫོང་སྐྱོང་བ་དང་། ལེགས་ཆར་བརྟེན་ནས་རྫོང་འཛུགས་སྐྲུན་བྱེད་པ། དམངས་འཚོར་བརྟེན་ནས་རྨང་གཞི་བརྟན་དུ་གཏོང་བའི’ཕྱོགས་གསུམ་གཞི་གཅིག་ཏུ་འདུས་པ་ནི‘ཀོང་པོ་རྒྱ་མདའ་རྫོང་འཕེལ་རྒྱས་གཏོང་སྟངས’ཡིན”ཞེས་ཀོང་པོ་རྒྱ་མདའ་རྫོང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ཀྲའོ་ཡང་གིས་ངོ་སྤྲོད་བྱས་ཤིང་། ཀོང་པོ་རྒྱ་མདའ་རྫོང་གིས་ཁྲིམས་ལྟར་རྫོང་སྐྱོང་བ་ཞེས་པ་ནི་དམངས་ཆེད་ཁྲིམས་འཛིན་རྒྱུ་དམིགས་ཡུལ་དུ་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་བརྟན་པོ་བཙུགས་ནས་དཔལ་འབྱོར་དང་། ཆབ་སྲིད། རིག་གནས། སྤྱི་ཚོགས་བཅས་ཀྱི་ཁྱབ་ཁོངས་ཁག་གི་ཁྲིམས་སྐྱོང་གི་དོ་དམ་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ཐོག་ཕྱོགས་གཅིག་ནས་འཕེལ་རྒྱས་ལ་དམ་འཛིན་དང་ཕྱོགས་གཞན་ཞིག་ནས་ཁྲིམས་སྐྱོང་ལ་དམ་འཛིན་བྱས་པ་བརྒྱུད་ལས་བྱེད་པ་དང་མང་ཚོགས་ཚོའི་ཁྲིམས་སྐྱོང་འདུ་ཤེས་དང་བཅའ་ཁྲིམས་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་བ་དང་རྫོང་ཡོངས་ཀྱི་དམངས་གཙོ་ཁྲིམས་སྐྱོང་གི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ནུས་ལྡན་བཏང་སྟེ་དཔལ་འབྱོར་དང་སྤྱི་ཚོགས་ལེགས་ལ་མྱུར་བའི་སྒོ་ནས་འཕེལ་རྒྱས་ཡོང་བར་སྐུལ་མ་ཐེབས་པ་བྱེད་པའི་སྒོ་ནས་ཀོང་པོ་རྒྱ་མདའ་རྫོང་དེ་ཉིད་ཁྲིམས་ལྟར་རྫོང་སྐྱོང་བའི་དཔེ་སྟོན་དང་། ལེགས་ཆར་བརྟེན་ནས་རྫོང་འཛུགས་སྐྲུན་བྱེད་པའི་མིག་དཔེ། དམངས་འཚོར་བརྟེན་ནས་རྨང་གཞི་བརྟན་དུ་གཏོང་བའི་གདོང་ལེན་བཅས་སུ་འགྱུར་བ་བྱེད་རྒྱུ་དེ་ཡིན། “ཀོང་པོ་རྒྱ་མདའ་རྫོང་འཕེལ་རྒྱས་གཏོང་སྟངས”ལ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གི་གདེང་འཇོག་གང་ལེགས་ཐོབ་ལ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོའི་གདེང་འཇོག་ཀྱང་གང་ལེགས་ཐོབ་ཡོད།

ལམ་ལུགས་ནན་དུ་བཏང་ནས་དྲིལ་བསྒྲགས་ལ་མཐོང་ཆེན་བྱས་པ།

“བྱ་བ་གང་ཞིག་སྒྲུབ་ཀྱང་ཚན་རིག་དང་མཐུན་པ་དང་ལུགས་དང་མཐུན་པའི་ལམ་ལུགས་ཤིག་མེད་ན་འགྲིག་ཐབས་མེད”ཅེས་ཀོང་པོ་རྒྱ་མདའ་རྫོང་ཨུད་ཀྱི་རྒྱུན་ཨུ། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་བཅས་ཡིན་པའི་ཧོ་ཀུའེ་ཧྲོའུ་ཡིས་གསར་འགོད་པར་དེ་ལྟར་བཤད། ཀོང་པོ་རྒྱ་མདའ་རྫོང་གིས་དོན་དངོས་ལ་གཞི་ཚུགས་ཏེ་རྫོང་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་འགོ་ཁྲིད་ཚོགས་ཆུང་དང་། རྫོང་བརྟན་ལྷིང་སྲུང་སྐྱོང་ལས་དོན་བཀོད་འདོམས་པུའུ། ཤང་གྲོང་ཁག་གི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཚོགས་ཆུང་གི་ཁོངས་མི་བཅས་ལེགས་སྒྲིག་དང་འཐུས་ཚང་དུ་བཏང་ནས་རྫོང་བརྟན་ལྷིང་ལས་དོན་བཀོད་འདོམས་པུའི་གཤམ་འོག་ཏུ་གཞུང་ལས་ཁང་1དང་ལས་དོན་ཚོགས་ཆུང་10བཙུགས་པ་མ་ཟད། ལོ་འཁོར་གྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་ཇུས་གཞི་དང་། 《རྫོང་ཨུད་ཀྱི་ལས་ཀའི་ལྟ་སྐུལ་ཞིབ་བཤེར་དོན་འཁྱོལ་ལམ་ལུགས》 དགོན་སྡེ་དོ་དམ་གྱི“བྱ་ཐབས་གསུམ་དང་གཏན་འབེབས་གཅིག”སོགས་ལམ་ལུགས་དང་ཇུས་གཞི་རབ་དང་རིམ་པ་བཟོས་ཏེ་རྫོང་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཁག་ཁ་གསལ་ཚད་ལྡན་ཡོང་བར་བྱས་པ་དང་། ཏང་ཡོན་ལས་བྱེད་པས་སྣེ་ཁྲིད་དེ་ལག་བསྟར་དང་དོན་འཁྱོལ་ནན་པོ་བྱས་པས་ལས་དོན་ཁག་ལ་གཞི་འཛིན་ས་དང་བརྟེན་ས་ཡོད་པ་བྱས་ནས་ཁྲིམས་སྐྱོང་གི་སྲོལ་ལམ་ཐོག་ཚད་ལྡན་ངང་འཁོར་སྐྱོད་ཐུབ་པ་བྱུང་ཡོད།

2014ལོར་ཀོང་པོ་རྒྱ་མདའ་རྫོང་གིས་ལྟ་སྐུལ་ཞིབ་བཤེར་བྱེད་སྐབས་ལས་གནས་ལས་ཁ་བྲལ་བ་དང་ལས་གནས་ཐོག་བསྡད་མེད་པའི་དགོན་སྡེ་དང་གྲོང་ཚོར་བཅའ་སྡོད་ཀྱི་ལས་བྱེད་པ་7ལ་ཏང་སྒྲིག་དང་སྲིད་སྒྲིག་གི་ཆད་པ་སྤྱད་པ་དེ་ལས་བཀའ་ཡོད་ཚེ་ངེས་པར་དུ་ལག་བསྟར་དང་བཀག་རྒྱ་ཡོད་ཚེ་དེ་ལས་མི་འགལ་བ་བྱེད་པའི་ཆོད་སེམས་མངོན་ཡོད།

ད་དུང་རྫོང་དེས་གྲོང་ཚོ་དང་དགོན་སྡེར་བཅའ་སྡོད་ཀྱི་ལས་དོན་དང“གཉིས་ལྡན་དུད་སྦྲེལ”གྱི་ལས་དོན་སྤེལ་བ་བརྒྱུད་ཏང་དང་རྒྱལ་ཁབ་ཀྱི་ལམ་ཕྱོགས་མཛད་ཕྱོགས་དང་། དམངས་ཕན་སྲིད་ཇུས། བཅའ་ཁྲིམས་ཁྲིམས་སྲོལ་བཅས་གྲོང་གསེབ་ཀྱི་ཞིང་འབྲོག་དུད་ཚང་ལ་དྲིལ་བསྒྲགས་བྱས་པས་ཁྱིམ་ཚང་ཚང་མས་བཅའ་ཁྲིམས་ཤེས་བྱ་ཤེས་པ་དང་མི་སེམས་ལ་ཟུག་པོ་བྱུང་ཡོད། ཁྲིམས་སློབ་སྦྱོང་དང་། ཁྲིམས་ཤེས་པ། ཁྲིམས་སྤྱོད་པ། ཁྲིམས་སྲུང་བ་བཅས་ཀྱི་ཞིང་འབྲོག་པའི་འདུ་ཤེས་ཟབ་ཏུ་བཏང་སྟེ་ལྗོངས་ཡོངས་ནས་སྔོན་ལ“གྲོང་ཚོ་རེ་ལ་ཁྲིམས་ལུགས་དྲིལ་བསྒྲགས་མཁན་རེ་ཡོད་པའི”ལམ་ལུགས་ཁྱབ་གདལ་བཏང་ནས་རྫོང་དེ་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ(གྲོང་མི)80བཅའ་ཁྲིམས་དྲིལ་བསྒྲགས་མཁན་བཙུགས་པ་དང་། ཆེད་མངགས་གསོ་སྦྱོང་བྱས་པ་བརྒྱུད་འོས་འགན་ངང་ཁྲིམས་སྐྱོང་དྲིལ་བསྒྲགས་བྱས་པས་ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས་བྱ་རྒྱུ་དེ་བཅའ་ཁྲིམས་དྲིལ་བསྒྲགས་ཀྱི་ལས་ཀ་ཁྱོན་ཡོངས་ལ་ཁྱབ་པ་དང་མང་ཚོགས་ཀུན་ལ་ཕན་པ་ཐོབ་པ་གཉིས་ཀ་བྱུང་ཡོད།

རྫོང་དེའི་རྒྱ་མདའ་ཤང་ཐའེ་ཀྲའོ་གྲོང་ཚོས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་གཏོང་རྒྱུ་རྨང་གཞི་དང་། མི་རིགས་མཐུན་སྒྲིལ་ཡོང་བ་བྱ་རྒྱུ་རྨང་རྡོ། ཡུལ་སྐོར་འཕེལ་རྒྱས་ནང་ཞུགས་རྒྱུ་སྒུལ་ཤུགས་སུ་བྱས་པས་གྲོང་མིར་མཐུན་སྒྲིལ་རོགས་རེས་དང་། ལུགས་མཐུན་གཉེར་སྐྱོང་། འབབ་འཕར་ཕྱུག་འགྱུར་བཅས་ཡོང་རྒྱུར་སྐུལ་ཁྲིད་ཐུབ་ཡོད། གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བཀྲ་གཡང་གིས་1995ལོ་ནས་རྫོང་ཡོངས་ཀྱི་ཞིང་འབྲོག་པའི་ཨར་ལས་རུ་ཁག་དང་པོ་དེ་བཙུགས་པ་དང་ད་ཆ་ལོར་ཡོང་འབབ་སྒོར་ཁྲི་210ལྷག་ཙམ་ཡོང་གི་ཡོད།

ཁྲིམས་འཛིན་ནན་པོ་བྱས་ནས་རྡུང་རྡེག་ཚ་ནན་བཏང་བ།

ཀོང་པོ་རྒྱ་མདའ་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་དོན་དངོས་ལ་གཞི་ཚུགས་ཏེ《རྫོང་ཨུད་ཀྱི་ལས་ཀའི་ལམ་ལུགས་ཕྱོགས་བསྒྲིགས》དང《སྲིད་གཞུང་གི་བཅོས་སྒྲིག་གསར་གཏོད་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་རྫོང་མི་དམངས་སྲིད་གཞུང་གི་གཏན་འབེབས》《རྫོང་མི་དམངས་སྲིད་གཞུང་གི་ལས་ཀའི་ལམ་སྲོལ》སོགས་ལམ་ལུགས་བཟོས་པ་དང་། ཉམས་ཞན་ལྷུ་ཚིགས་དང་ཁྱབ་ཁོངས་གལ་ཆེན་ལ་དམིགས་ཏེ《ལས་ཁུངས་ཀྱི་སྤྱོད་ཚུལ་སྔར་བས་ལེགས་སུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》དང《གཞི་རིམ་རྩ་འཛུགས་ཉམས་ཞན་གྱི་གནད་དོན་གཅིག་སྡུད་བཅོས་སྒྲིག་ལས་དོན་སྤེལ་རྒྱུའི་སྐོར་གྱི་ཀྲུང་གུང་རྒྱ་མདའ་རྫོང་ཨུ་ཡོན་ལྷན་ཁང་གི་བརྡ་ཐོ》བཟོས་ནས་བཀྲམས་པ། “འདུ་ཤེས་སྒྱུར་བ་དང་། སྲོལ་བཟང་དར་སྤེལ། དོན་འཁྱོལ་ལ་དམ་འཛིན”བཅས་ཀྱི་བརྟག་ཞིབ་ཆེ་མོ་དང“རྣམ་པ་དྲུག་ལྡན”གྱི་ལས་ཁུངས་འཛུགས་སྐྲུན་བྱེད་པ་སོགས་ཀྱི་བྱེད་སྒོ་སྤེལ་བ་བརྒྱུད་ལས་བྱེད་པའི་དཔུང་ཁག་གི་སྤྱོད་ཚུལ་ལེགས་སུ་བཏང་བས་སྤྱི་ཚོགས་ཀྱི་གོམས་སྲོལ་ཡག་ཏུ་འགྲོ་རྒྱུར་སྐུལ་མ་ནུས་ལྡན་ཐེབས་པ་དང་ཆབས་ཅིག་སྲིད་དོན་ཞབས་ཞུའི་ལྟེ་གནས་འཛུགས་པ་དང་ཤང་གྲོང་ཁག་གིས་དོན་དངོས་དང་ཟུང་འབྲེལ་གྱིས་མང་ཚོགས་ཀྱི་ཞབས་ཞུའི་ས་ཚིགས་བཙུགས་ནས་རྫོང་སྲིད་དོན་ཞབས་ཞུའི་ལྟེ་གནས་དང་མཉམ་དུ“རིམ་གསུམ་མཉམ་འགུལ”གྱི་ལས་ཀའི་བྱེད་སྟངས་ཤིག་ཆགས་པ་བྱས་ཡོད།

ཀོང་པོ་རྒྱ་མདའ་རྫོང་གིས་ཕྱོགས་གཅིག་ནས་ཁྲིམས་བཞིན་བྱ་བ་སྒྲུབ་རྒྱུ་མཐའ་འཁྱོངས་དང་ཕྱོགས་གཞན་ཞིག་ནས་ཁྲིམས་ལྟར་རྡུང་རྡེག་བཏང་ཞིང་། དང་ཐོག་ལས་བྱེད་པའི་ཁྲིམས་འགལ་སྣང་ཚུལ་ལ་རྡུང་རྡེག་གཏོང་རྒྱུ་ནས་འགོ་བརྩམས་ཡོད། 2013ལོར་རྫོང་དེའི་སྤྱི་བདེ་ཅུས་ཀྱིས་ཆང་རག་བཏུང་ནས་རྒྱག་འདྲེ་རྒྱག་མཁན་གཞུང་ལས་པ་12བཀག་ཉར་བྱས་པས་ལས་བྱེད་པའི་ཁྲོད་ཟིལ་ཤུགས་ཆེན་པོ་ཐོན་ཡོད།

ཁྲིམས་ལྟར་རྫོང་སྐྱོང་བའི་ལས་དོན་ཁྲོད་ཀོང་པོ་རྒྱ་མདའ་རྫོང་གིས་ཁྲིམས་ལྟར་བྱ་བ་སྒྲུབ་རྒྱུ་དང་ཁྲིམས་ཡང་དག་འཛིན་རྒྱུ་མཐའ་འཁྱོངས་བྱས་ཡོད་ལ་རྒྱུ་མཚན་དྲངས་ནས་ཤེས་སུ་འཇུག་པ་དང་བརྩེ་བ་བཅངས་ཏེ་སེམས་འགུལ་ཐེབས་ཐབས་བྱས་པ་མ་ཟད། ཁྲིམས་ལྟར་ཐག་གཅོད་བྱས་པའི་མི་སྣར་ངང་རྒྱུད་རིང་པོས་རོགས་རམ་དང་སློབ་གསོ་བཏང་བ་བརྒྱུད་ཁོང་ཚོས་རང་གི་ནོར་འཁྲུལ་ལ་ངོས་འཛིན་ཟབ་མོ་ཐུབ་ནས་སྤྱི་ཚོགས་ཞི་མཐུན་ཡོང་བ་དང་། སྤྱི་ཚོགས་རྒྱུན་སྲིང་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཁྱོན་ཡོངས་བརྟན་ལྷིང་བཅས་ཡོང་རྒྱུར་སྐུལ་མ་ཐེབས་ཡོད།

ཞབས་ཞུར་ཤུགས་སྣོན་བརྒྱབ་སྟེ་ཁྲིད་སྟོན་ལ་མཐོང་ཆེན་བྱས་པ།

ཀོང་པོ་རྒྱ་མདའ་རྫོང་གིས་ཁྲིམས་ལུགས་རོགས་སྐྱོར་གྱི་ལས་དོན་པ་དང“12348”བཅའ་ཁྲིམས་ཞབས་ཞུའི་ཐད་སྦྲེལ་ཁ་པར་སོགས་ཀྱི་ལས་སྟེགས་གང་ལེགས་སྤྱད་དེ་རྫོང་ཁྲིམས་འཛིན་ཅུས་ཀྱི་ལས་བྱེད་པ་8ཀྱིས་འོས་འགན་ངང་བཅའ་ཁྲིམས་རོགས་སྐྱོར་བྱས་ནས་བཅའ་ཁྲིམས་རོགས་སྐྱོར་ལས་ཀར་འཛིན་པའི་རྒྱ་ཆེའི་མང་ཚོགས་ཀྱི་ངོས་འཛིན་ཐུབ་ཚད་ཟབ་ཏུ་དང་བཅའ་ཁྲིམས་རོགས་སྐྱོར་བློ་འདྲིའི་སྣེ་ལེན་ཐོ་འགོད་ལས་དོན་ལེགས་པར་བསྒྲུབས་ཏེ་བཅའ་ཁྲིམས་རོགས་སྐྱོར་ལས་དོན་དེ“སྐར་ཁུང་འདུ་འགོད”དང“དམངས་སེམས་འདུ་འགོད”ཅིག་ཏུ་བཏོད་ནས་གོང་རིམ་ལས་སྒོའི་སྡེ་ཚན་ལ་ཁྲིམས་རྩོད་པའི་བོད་སྐྱོར་གྱི་འདུན་ཞུ་ཧུར་ཐག་བྱས་ཏེ་རྫོང་ཡོངས་སུ་ཁྲིམས་རྩོད་པ་མེད་པའི་གནས་སྟངས་མཇུག་སྒྲིལ་བར་བྱས།

2013ལོའི་ཟླ་3པར་པེ་ཅིང་ཅིན་ལུན་ཁྲིམས་རྩོད་ལས་དོན་ཁང་གིས་དང་བླངས་ཁྲིམས་རྩོད་པ་ཀོང་པོ་རྒྱ་མདའ་རྫོང་ལ་མངགས་ནས་དུས་ཡུན་ཟླ་བ་8བཅའ་ཁྲིམས་རོགས་སྐྱོར་བྱས་ཤིང་། ཤེས་རྟོགས་བྱུང་བར་གཞིགས་ན། ད་བར་ཀོང་པོ་རྒྱ་མདའ་རྫོང་ཁྲིམས་འཛིན་སྡེ་ཚན་ལ་བཅའ་ཁྲིམས་ཡིག་ཆ་28འབྲི་རོགས་དང་བཅའ་ཁྲིམས་ཀྱི་བློ་འདྲི་མི་ཐེངས་95བྱས་པ་མ་ཟད། ཁྲིམས་ཁང་གི་སྐོར་སྐྱོད་ཁྲིམས་རར་བརྟེན་ནས་གྱོད་གཞི་ཡོད་ཚེ་རྩད་སྒྲུབ་དང་། མེད་ཚེ་ཁྲིམས་ལུགས་དྲིལ་བསྒྲགས་བྱ་རྒྱུ་མཐའ་འཁྱོངས་བྱས་པའི་ཁར་དམངས་འདོད་ཤེས་རྟོགས་ཟབ་མོ་བྱས་ཏེ་འགལ་ཟླ་དང་རྩོད་གཞི་བསལ་ཡོད། ཉེ་བའི་ལོ་ཤས་རིང་སྐོར་སྐྱོད་ཀྱིས་གྱོད་གཞི་རྩད་སྒྲུབ་བྱེད་རིང་གཉེན་སྒྲིག་ཁྱིམ་ཚང་མ་མཐུན་པ་དང་། ཁྱིམ་མཚེས་དབར་གྱི་འགལ་བ། དབང་ཆའི་རྩོད་པ་སོགས་ཀྱི་གྱོད་གཞི་86འདུམས་པ་དང་ཐག་རིང་ཞིང་འབྲོག་ཁུལ་དུ་བསྐྱོད་དེ་གྱོད་གཞི་ཐེངས་གྲངས་450རྩད་སྒྲུབ་བྱས་པ་རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ་ཚང་མར་ཁྱབ་ནས་ལམ་ཚད་སྤྱི་ལེ་ཁྲི་4.5ཟིན་ཏེ་དོ་བདག་ལ་ཞུ་གཏུག་འགྲོ་གྲོན་ཁྲི་50ཙམ་གྲོན་ཆུང་ཐུབ་པ་བྱས་ཡོད། རླངས་འཁོར་སྐོར་སྐྱོད་ཀྱི་ཁྲིམས་རར་བརྟེན་ནས་གྱོད་གཞི་བསྒྲུབས་གཉེར་བྱས་པ་དང་ཆབས་ཅིག་ཉེན་རྟོག་ལས་བྱེད་པས་བཅའ་ཁྲིམས་ཁྱབ་གདལ་ལས་དོན་ཧུར་ཐག་སྤེལ་ཏེ་དཔྱད་ཡིག་5000ལྷག་ཙམ་བཀྲམ་པས་མང་ཚོགས་15000ལྷག་ཙམ་ལ་སློབ་གསོ་ཐོབ་ཡོད།

ཉེ་བའི་ལོ་ཤས་ནང་ཀོང་པོ་རྒྱ་མདའ་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མྱུར་པོ་བྱུང་བ་དང་ཆབས་ཅིག་ཐོན་ཁུངས་དང་རྣམ་གྲངས་དང་འབྲེལ་བའི་རྩོད་གཞི་བར་མི་ཆད་པར་ཐོན་ཏེ། མང་ཚོགས་ལ་ཁྲིམས་མཐུན་ངང་ཚོང་གཉེར་དང་དཀའ་སྤྱད་ཀྱིས་ཕྱུག་འགྱུར་ཇི་ལྟར་ཡོང་བའི་ཐད། ཀོང་པོ་རྒྱ་མདའ་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་མང་ཚོགས་ལ་འབབ་འཕར་ཕྱུག་འགྱུར་ཡོང་བ་བྱ་རྒྱུ་དེ་ཞིང་འབྲོག་ཁུལ་གྱི་དོན་དངོས་ཀྱི་དཀའ་ངལ་དང་གནད་དོན་ཐག་གཅོད་བྱ་གཞིར་བརྩིས་ནས་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཏང་དང་སྲིད་གཞུང་གིས་རྒྱབ་སྐྱོར་བྱེད་པ་དང་སྐུལ་མ་གཏོང་བ་མང་ཚོགས་ཀྱིས་ཚོར་ཐུབ་པ་བྱས་ཏེ། ཁྲིམས་འགལ་ངང་རྒྱུ་ནོར་གཡོ་ལེན་གྱི་ཉེན་ཚབས་ཤེས་ནས་ཁྲིམས་མཐུན་ཚོང་གཉེར་དང་དཀའ་སྤྱད་ཕྱུག་འགྱུར་བྱེད་པའི་དགོས་པ་རྒྱུ་མཚན་གང་ལེགས་རྟོགས་ཡོད། ངོ་སྤྲོད་བྱས་པ་ལྟར་ན་རྫོང་ཨུད་དང་རྫོང་སྲིད་གཞུང་གིས《སྣོད་བཅུད་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་གཏན་འབེབས》དང་། 《ཞིང་འབྲོག་ལས་ཀྱི་ཐོན་ལས་འཕེལ་རྒྱས་མགྱོགས་སུ་གཏོང་རྒྱུའི་སྐོར་གྱི་གཏན་འབེབས》《དངོས་ཚན་གྱི་དཔལ་འབྱོར་འཕེལ་རྒྱས་མགྱོགས་སུ་གཏོང་རྒྱུའི་སྐོར་གྱི་གཏན་འབེབས》ཀྱི་མཛུབ་ཁྲིད་རང་བཞིན་གྱི་ཡིག་ཆ་3བཀྲམས་ཏེ“ཐོན་ལས་གཙོ་བོ་ཆགས་པ་བྱས་ནས་དཔལ་འབྱོར་བསྡོམས་འབོར་ཐོད་བརྒལ་ཡོང་བ་བྱེད་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་བཀོད་པ་ལེགས་སུ་གཏོང་བ་དང་མང་ཚོགས་ཀྱི་ཡོང་འབབ་འཕར་བ་བྱེད་པ། འཕེལ་རྒྱས་ཀྱི་གཞི་རྒྱུ་གསོས་ནས་ནང་གནས་ཀྱི་རྟིང་ཤུགས་སྐྱེད་པར་བྱེད་པའི”དམིགས་ཚད་གསུམ་གྲུབ་ཐུབ་པ་བྱས་ཏེ་མང་ཚོགས་རྣམས་ཁྲིམས་མཐུན་ངང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ནང་ཞུགས་རྒྱུར་སྣེ་ཁྲིད་བྱས་ཡོད།

ན་ནིང་རྡོ་རྗེ་གྲགས་བཟང་ཞིང་པའི་ཡུལ་ཟོག་འགན་འཁྲི་ཀུང་སིའི་བེ་ཤ་སྐམ་པོ་སོགས་ཕུའུ་ཅན་ལ་བཙོངས་ཚད་ཏུན་1ཟིན་པ་དང་ཕྱི་རྒྱལ་གྱི་ཁྲོམ་རར་བཙོངས་ནས་སྒོར་ཁྲི་300བྱུང་ཡོད། ད་ཆ་ཀོང་པོ་རྒྱ་མདའ་རྫོང་ལ་འཁོར་སྐྱོད་ནུས་ལྡན་ཐུབ་པའི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་རྩ་འཛུགས་30ཡོད་པ་དེ་དག་གིས་ཐོ་འགོད་བྱས་པའི་མ་རྩ་ཁྲི་1885ཟིན་ནས་ཞིང་འབྲོག་པ་3000དང་ཐེམ་དུད་ཁྲི་1ལྷག་ཙམ་ལ་ཕན་པ་ཐོབ་ཡོད། 2013ལོ་ཚུན་རྫོང་དེས་འབྱོར་འབྲིང་མིན་པའི་གྲོང་ཚོའི་མང་ཚོགས་ལ་དབུལ་སྐྱོར་གྱི་སྐྱེད་སྦྱར་དངུལ་བུན་སྒོར་དུང་ཕྱུར་1.2བཏང་བར་མང་ཚོགས་ཐེམ་དུད་1621ལ་ཕན་པ་ཐོབ་པ་མ་ཟད། ཞིང་འབྲོག་པ་1100ལྷག་ཙམ་ཞིང་འབྲོག་ལག་རྩལ་གསོ་སྦྱོང་ནང་ཞུགས་སུ་བཅུག་པས་ལས་ཞུགས་ཐུབ་ཚད་65%ཟིན་ཡོད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།