གྲོང་གསེབ་སྨན་པ་ཞིག་གི་སྤྱོད་བཟང་།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2014-12-18 00:15:19

གཡུ་ཕུག་ཤང་འཕྲོད་བསྟེན་ཁང་གི་ཡོན་ཀྲང་ལྷ་རྒོད་ཀྱིས་རང་ཉིད་ཀྱི་བབ་ཆགས་པའི་ཕུགས་འདུན་ལ་བརྟེན་ནས།བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་གི་མང་ཚོགས་ལམ་ཕྱོགས་སྐད་གྲགས་མེད་པར་ལག་ལེན་བསྟར་བ་དང་མང་ཚོགས་ལ་ལུས་བདེ་སེམས་སྐྱིད་ཡོང་བའི་ལས་ལ་རྩེ་གཅིག་ཏུ་གཞོལ་བཞིན་ཡོད།

2006ལོར་ལྷ་རྒོད་ཡིད་འོང་ཤང་ནས་གཡུ་ཕུག་ཤང་དུ་ལས་སྒྱུར་བྱེད་སྐབས་སྨན་པ་རྐང་རྗེན་མ་གཅིག་ལས་མེད་པའི་འཕྲོད་བསྟེན་ཁང་དེར་ཁོང་གིས་རང་ཉིད་ཀྱི་སྨན་པའི་འཚོ་བ་གསར་པ་སྐྱེལ་འགོ་ཚུགས།“ཁོང་གིས་ཟླ་མི་རེ་ངོ་རེར་གྲོང་ཚོའི་ནང་གི་སྨན་པ་ཁྲིད་དེ་ངེད་ཚོར་བདེ་ཐང་རྒྱུན་ཤེས་དང་སྨན་རྫས་སྤྱོད་སྟངས་ཡང་ཡང་སློབ་ཀྱི་ཡོད།རྣམ་ཀུན་ཁོང་སླེབས་པ་མཐོང་སྐབས་ང་ཚོས་གྲོགས་པོ་རྙིང་པ་ཐུག་པ་ལྟར་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད”ཅེས་གྲོང་མི་པ་སངས་ཀྱིས་གསར་འགོད་པར་བཤད།

ལྷ་རྒོད་ཀྱིས་ནད་པར་རང་ཉིད་ཀྱི་གཉེན་ཉེ་ལྟར་བརྩི་བ་སྟེ།2007ལོར་གློ་ཡུའི་གཅོང་ནད་ཕོག་པའི་རྒན་མོ་ཆོས་འཛོམས་གྲོང་མིས་འཕྲོད་བསྟེན་ཁང་དུ་སྨན་བཅོས་བྱེད་པར་སྐྱེལ་སྐབས་དབུགས་ལམ་འགག་ནས་སྲོག་ཉེན་ཆེན་པོ་ཡོད་པ་རེད།“སྐབས་དེ་དུས་འཕྲོད་བསྟེན་ཁང་དུ་ལུད་པ་འཐེན་ཆས་གཅིག་ཀྱང་མེད་སྟབས་ཛ་དྲག་ཆེ་བའི་གནས་ཚུལ་འོག་ལྷ་རྒོད་ཀྱིས་རང་ཉིད་ཀྱི་ཁ་ནང་དུ་ངའི་ལུད་པ་འཐེན་ནས་ངའི་ཚེ་སྲོག་བསྐྱབས་བྱུང”ད་ཆ་ལོ་77ལ་སླེབས་པའི་རྒན་མོ་ཆོས་འཛོམས་ཀྱིས་སྐབས་དེ་དུས་ཀྱི་གནས་ཚུལ་དྲན་གསོ་བྱེད་སྐབས་འདྲེན་བྱེད་གཉིས་ཀར་སེམས་འགུལ་ཐེབས་པའི་མཆི་ཞག་འཁོར་བཞིན་མཆིས།ལྷ་རྒོད་ལྟ་བུའི་བླ་ན་མེད་པའི་གཤིས་རྒྱུད་ལྡན་པའི་སྐྱེ་བོ་དེ་རིགས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་བྱམས་སྙིང་རྗེའི་བསམ་པ་འཆང་བཞིན་རང་ཉིད་ཀྱི་ལས་འགན་ལེགས་གྲུབ་བྱེད་ཀྱི་ཡོད།

“མང་ཚོགས་ཀྱིས་རང་ཉིད་ལ་ཡིད་ཆེས་བྱེད་པས་ངས་ཁོང་ཚོའི་རེ་འདུན་དང་ཡིད་ཆེས་དེ་བས་ཆུད་ཟོས་སུ་གཏོང་མི་རུང”མང་ཚོགས་ཀྱི་ནད་བཅོས་ཀྱི་དགོས་མཁོ་སྐོང་ཆེད་ལྷ་རྒོད་ཀྱིས་ཉེ་འགྲམ་ཤང(གྲོང་རྡལ)འཕྲོད་བསྟེན་ཁང་གི་སྨན་པ་དང་གཞོགས་འདེགས་ཐེངས་མང་བྱས་ལ་རང་འགུལ་ངང་སྒྲིག་འཛུགས་བྱས་ཏེ་གཡུ་ཕུག་ཤང་འཕྲོད་བསྟེན་ཁང་དུ་སློབ་སྦྱོང་དང་གསོ་སྦྱོང་བྱས་པ་རེད།གསོ་སྦྱོང་བྱེད་རིང་ཁོང་གིས་ལས་རོགས་ཚོར་ངོ་འཕྲད་གདོང་ཐུག་ངང་འདྲི་བརྟག་དང་གཤགས་བཅོས་སོགས་ཀྱི་ཉམས་མྱོང་བུམ་པ་གང་བྱོའི་ཚུལ་གྱིས་དམར་ཁྲིད་བྱས་པ་དང་སུན་སྣང་སྤུ་ཙམ་ཡང་མེད་པའི་སྒོ་ནས་སྨན་པ་ཁ་ཤས་དང་ལྷག་པར་གྲོང་ཚོའི་སྨན་པས་བཏོན་པའི་དོགས་གནད་ལ་འགྲེལ་བཤད་བརྒྱབ་པས་གྲོང་གསེབ་སྨན་པའི་སྨན་བཅོས་ཆུ་ཚད་གོང་མཐོར་སོང་ཡོད་པ་རེད།   གཡུ་ཕུག་ཤང་གི་འཕྲོད་བསྟེན་ཆ་རྐྱེན་དཀའ་ཚེགས་ཆེ་ཙམ་ཡོད་པ་དང་སྒྲིག་བཀོད་དཀོན་ལ་ཉལ་ཁྲིའང་འདང་གི་མེད།ཆ་རྐྱེན་ལེགས་སུ་གཏོང་ཆེད།ལྷ་རྒོད་ཀྱིས་གོང་རིམ་འབྲེལ་ཡོད་སྡེ་ཚན་ནས་མ་དངུལ་བརྩོན་ལེན་ཧུར་ཐག་བྱས་ཏེ།ནད་ཁང་དང་མེ་ཏོག་ལྡུམ་ར་བརྒྱབ་པ་དང་སྤང་བཏིང་བ་མ་ཟད།ད་དུང་རང་ཉིད་ཀྱི་དངུལ་བཏོན་ནས་འཕྲོད་བསྟེན་ཁང་གི་ཆ་རྐྱེན་ལེགས་སུ་བཏང་ཞིང་།ལས་ཀའི་སྤྱོད་ཆས་ཁ་ཤས་ཉོ་སྒྲུབ་བྱས་པ་རེད།

གོང་རིམ་སྨན་བཅོས་སྡེ་ཚན་གྱིས་ལྷ་རྒོད་ལས་སྒྱུར་བྱེད་རྩིས་བྱེད་སྐབས།ཁོང་གིས“མང་ཚོགས་ཀྱི་བདེ་ཐང་ནི་ཐམས་ཅད་ལས་ལྷག་པ་ཡོད།དེ་གའི་ཞིང་འབྲོག་མང་ཚོགས་ལ་རང་ཉིད་དགོས་མཁོ་ཡོད་ལ་རང་ཉིད་ཀྱང་དེ་གའི་ཞིང་འབྲོག་མང་ཚོགས་དང་ཁ་བྲལ་ཕོད་ཀྱི་མི་འདུག”ཅེས་བབ་བརླིང་ལྡན་པའི་ངང་བཤད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།