ཆུ་ཤུར་རྫོང་གིས་གྲོང་གསེབ་ཀྱི་ས་ཞིང་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་བརྟན་པོ་བཏང་བ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2015-09-07 10:04:44

ཉེ་བའི་ལོ་ཤས་རིང་། ཆུ་ཤུར་རྫོང་གིས་རང་ངོས་ཀྱི་དོན་དངོས་ལ་གཞི་ཚུགས་ནས། གྲོང་གསེབ་ཀྱི་ས་ཞིང་ལམ་ལུགས་སྒྱུར་བཅོས་ལ་བརྟན་པོའི་ངང་སྐུལ་འདེད་ཧུར་ཐག་གཏོང་བ་དང་། གྲོང་གསེབ་ཀྱི་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་སྒྲིག་གཞི་དང་ལམ་སྲོལ་གྱི་འགལ་རྐྱེན་ཧུར་ཐག་བསལ་ཏེ། གྲོང་གསེབ་ཀྱི་ས་ཞིང་འགན་གཙང་གཉེར་སྐྱོང་དབང་ཆ་གཏན་འཁེལ་བྱས་ནས། ཐོ་འགོད་དང་ལག་ཁྱེར་སྤྲོད་པའི་ལས་དོན་ཁྱོན་ཡོངས་ནས་ལེགས་སྒྲུབ་བྱས་ཁར་་གྲོང་གསེབ་ཀྱི་ས་ཞིང་འོས་འཚམ་དང་གཞི་ཁྱོན་ལྡན་པའི་སྒོ་ནས་ནང་བཤུག་གཉེར་སྐྱོང་ལ་སྐུལ་འདེད་བཏང་བ་རེད།

སྒྱུར་བཅོས་ཚོད་ལྟའི་བཀོད་སྒྲིག་གཞིར་བཟུང་། ཆུ་ཤུར་ཚོད་ལྟའི་ཁུལ་གྱིས་2012ལོའི་ཟླ་དྲུག་པར་གྲོང་གསེབ་ཀྱི་ས་ཞིང་འགན་གཙང་གཉེར་སྐྱོང་དབང་ཆའི་དབང་ཁོངས་ལ་བརྟག་དཔྱད་དང་ས་ཞིང་ཚད་འཇལ་ལས་དོན་སྔོན་དུ་སྤེལ་བ་རེད། ཆུ་ཤུར་ཚོད་ལྟའི་ཁུལ་གྱིས་ཚལ་སྣེ་ཤང་བོད་སྡེ་གྲོང་ཚོའི་ཚོགས་ཆུང་ལྔ་པ་ནས་བརྒྱད་པའི་བར་བདམས་ནས་གྲོང་གསེབ་ཀྱི་ས་ཞིང་འགན་གཙང་གཉེར་སྐྱོང་དབང་ཆ་གཏན་འཁེལ་བྱས་ནས་ཐོ་འགོད་དང་ལག་ཁྱེར་སྤྲོད་པའི་ཚོད་ལྟའི་ལས་དོན་སྤེལ་ཏེ་ལག་ཁྱེར་སྤྲོད་པའི་ལས་ཀའི་ཉམས་མྱོང་ལ་འཚོལ་ཞིབ་བྱས། 2014ལོའི་ཟླ་ལྔ་པར་བོད་སྡེ་གྲོང་ཚོའི་ཞིང་དུད་168ཀྱི་མུའུ་2516.23ཟིན་པའི་གྲོང་གསེབ་ཀྱི་ས་ཞིང་ལ་ས་ཞིང་འགན་གཙང་གཉེར་སྐྱོང་དབང་ཆའི་ལག་ཁྱེར་ཁག་དང་པོ་སྤྲད་དེ་བོད་ཀྱི་གྲོང་གསེབ་ཀྱི་ས་ཞིང་ལམ་ལུགས་སྒྱུར་བཅོས་ཀྱི་ལམ་ཚད་རྡོ་རིང་གསར་པ་བཏོད་པ་རེད།

ཆུ་ཤུར་ཚོད་ལྟའི་ཁུལ་གྱིས《ཆུ་ཤུར་རྫོང་གི་གྲོང་གསེབ་སྒྱུར་བཅོས་ཚོད་ལྟའི་ཁུལ་གྱི་ས་ཞིང་ནང་བཤུག་དོ་དམ་ལག་བསྟར་བྱེད་ཐབས》བཏོན་ཏེ་ཆ་ལག་ཚང་བའི་ས་ཞིང་གི་གཞི་ཁྱོན་ནང་བཤུག་ལ“བྱ་དགའ་སྤྲད་ནས་ཁ་གསབ་བྱེད་པའི”ནོར་སྲིད་མ་དངུལ་གྱི་རྒྱབ་སྐྱོར་སྲིད་ཇུས་ལག་བསྟར་བྱས་པ་དང་། ཞིང་དུད་ཀྱི་ས་ཞིང་འགན་གཙང་དབང་ཆ་བརྟན་པོ་ཡོང་བའི་རྨང་གཞིའི་ཐོག་གོ་རིམ་ལྡན་པའི་ངང་གྲོང་གསེབ་ཀྱི་ས་ཞིང་གཉེར་སྐྱོང་དབང་ཆ་ནང་བཤུག་ལ་སྐུལ་འདེད་བཏང་ཡོད། གྲོང་གསེབ་ཀྱི་ས་ཞིང་འགན་གཙང་གཉེར་སྐྱོང་དབང་ཆ་ནང་བཤུག་བྱེད་པའི་ཚད་ལྡན་ཞབས་ཞུའི་དོ་དམ་ལ་ཤུགས་སྣོན་རྒྱག་ཆེད། ཆུ་ཤུར་ཚོད་ལྟའི་ཁུལ་གྱིས་རྫོང་གི་གྲོང་གསེབ་ས་ཞིང་ནང་བཤུག་ཞབས་ཞུའི་ལྟེ་གནས་བཙུགས་ཏེ《ཆུ་ཤུར་རྫོང་གི་གྲོང་གསེབ་ས་ཞིང་ནང་བཤུག་ཞབས་ཞུའི་ལྟེ་གནས་ཀྱི་ལས་ཀའི་བརྒྱུད་རིམ》བཟོས་པ་དང་འབྲེལ། བརྟག་ཞིབ་གཏིང་ཟབ་བྱས་ནས་གྲོང་གསེབ་ཀྱི་ས་ཞིང་ཞབས་ཞུའི་ལྟེ་གནས་ཀྱི་ནང་བཤུག་ལ་ཞུགས་རྒྱུར་ཁྲིད་སྟོན་བྱས་པ་དང་། གྲོང་གསེབ་ཀྱི་ས་ཞིང་འོས་འཚམ་དང་གཞི་ཁྱོན་ལྡན་པའི་ངང་ནང་བཤུག་བྱས་ཏེ་ཐོ་འགོད་སྙན་སེང་ཞུ་བའི་རྣམ་པར་བརྟེན་ནས་དོ་དམ་བྱས་སྟབས། གྲོང་གསེབ་ཀྱི་ས་ཞིང་ནང་་བཤུག་ཞབས་ཞུའི་དོ་དམ་ཆུ་ཚད་མཐོ་རུ་དང་དོ་དམ་ཚད་ལྡན་དུ་ཕྱིན་ཡོད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།