སྙེ་མོའི་བོད་བྱ་གསོ་ཚགས་ཐད་སྤུས་ཚད་ལ་བརྟེན་ནས་མང་ཚོགས་ལ་འབབ་འཕར་ཕྱུག་འགྱུར་ཡོང་བའི་སྣེ་ཁྲིད་བྱས་པ།

| 2015-03-09 11:53:48

སྙེ་མོ་རྫོང་སྙེ་མོ་ཤང་གདོང་དཀར་གྲོང་ཚོའི་བོད་བྱ་གསོ་ཚགས་དཔེ་སྟོན་རྟེན་གཞི་ནས་གསར་འགོད་པར་རྟེན་གཞིའི་དོ་དམ་སྲུང་སྐྱོང་པ་རྒྱགས་པ་འཕྲད་བྱུང་།

རྒྱགས་པ་ནི་གདོང་དཀར་གྲོང་ཚོའི་ཡུལ་མི་ཡིན་པ་དང་ཁྱིམ་དུ་ངལ་རྩོལ་ནུས་ཤུགས་མི་འདང་བའི་དབང་གིས་དུད་ཚང་དབུལ་པོར་གྱུར་པ་རེད།

ལྷ་ས་གྲོང་ཁྱེར་ས་གཙང་སྐྱོན་བྲལ་ཐོན་ལས་ཀྱི་རྣམ་གྲངས་ལག་ལེན་བསྟར་འགོ་བཙུགས་ཚུན་སྙེ་མོ་རྫོང་གིས་བོད་བྱ་གསོ་ཚགས་ཐོན་ལས་གོང་འཕེལ་གཏོང་ཆེད་2014ལོར་གདོང་དཀར་གྲོང་ཚོར་བོད་བྱ་གསོ་ཚགས་དཔེ་སྟོན་རྟེན་གཞི་བཙུགས་པ་དང་རྒྱགས་པས་གནས་ཚུལ་དེ་ཤེས་རྟོགས་བྱུང་རྗེས་རང་འགུལ་ངང་གསོ་ཚགས་རྟེན་གཞིའི་དོ་དམ་སྲུང་སྐྱོང་པ་བྱ་རྒྱུའི་ཡིག་ཐོག་སྙན་ཞུ་ཕུལ་བ་རེད།

རྒྱགས་པ་དོ་དམ་སྲུང་སྐྱོང་པ་མ་བྱས་གོང་བོད་བྱ་གསོ་ཚགས་ཐད་ཁོང་ལ་ཉམས་མྱོང་ཡོད་པ་མ་ཟད་རང་ཁྱིམ་དུ་བོད་བྱ་50ཙམ་གསོ་ཚགས་བྱས་ཡོད་པ་རེད། རྒྱགས་པས་གསོ་ཚགས་བྱས་པའི་བོད་བྱ་གྲོང་ཚོའི་ནང་ནས་མང་ཤོས་ཡིན་ཁར་གསོ་ཚགས་བྱེད་ཚད་ཀྱང་ལེགས་ཤོས་རེད། “རྒྱགས་པས་བོད་བྱ་གསོ་ཚགས་བྱེད་ཚད་ལེགས་པ་མ་ཟད་ལས་ཀའི་ཧུར་སེམས་ཆེ་བ་དང་གལ་འགངས་ཆེ་ཤོས་ནི་ཁོང་གི་འགན་འཁྲི་འཁུར་སེམས་དེ་ཧ་ཅང་ཆེན་པོ་ཡོད”ཅེས་སྙེ་མོ་རྫོང་སྲིད་གཞུང་གི་ལས་དོན་མི་སྣས་བཤད།

གདོང་དཀར་གསོ་ཚགས་རྟེན་གཞིར་དོ་དམ་སྲུང་སྐྱོང་པར་ཉིན་རེར་གླ་ཕོགས་སྒོར་80ཡོད་པ་རེད། རྒྱགས་པ་རྟེན་གཞིའི་བོད་བྱ་གསོ་ཚགས་ནང་ཞུགས་རྗེས་ཡོང་འབབ་ཀྱང་སྔར་བས་མང་དུ་སོང་བ་མ་ཟད་འཚོ་བའི་ཐད་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པ་རེད།

གསར་འགོད་པས་ཤེས་རྟོགས་བྱུང་གསལ། རྟེན་གཞི་དེ་སྔོན་མ་རང་བྱུང་ནགས་ས་ཡིན་པ་དང་དེར་སྔོ་རྩྭ་དང་ཆུ་ཕྲན་ཡོད་པས་བོད་བྱ་གསོ་ཚགས་ཐད་ཆ་རྐྱེན་ཧ་ཅང་ཡག་པོ་འཛོམས་ཡོད། བོད་བྱ་གསོ་ཚགས་རྟེན་གཞི་བསྐྲུན་རྗེས་ཉིན་མོ་དང་མཚན་མོའི་དྲོད་ཚད་ཐད་ཧེ་བག་ཡོད་པའི་གནས་ཚུལ་ལ་དམིགས་ཏེ་ད་དུང་བོད་བྱ་དེ་དག་ལ་དྲོད་སྲུང་བྱ་ཚང་བསྐྲུན་པ་དང་རྟེན་གཞིར་ད་དུང་ཆེད་དམིགས་ཕྱུགས་རིགས་སྨན་པ་ཡོད་པ་དེས་རིམས་འགོག་འཕྲོད་བསྟེན་གྱི་ལས་འགན་འཁུར་གྱི་ཡོད་པ་རེད།

རྟེན་གཞིའི་འགན་ཁུར་བས་བྱ་དེ་དེ་དག་གི་རྒྱུད་པ་ལེགས་ལ་ཤ་ཡག་པོ་ཡོད་པས་ཁྲོམ་རའི་ཐོག་བྲིན་ཁ་རྒྱུག་པོ་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། སྙེ་མོ་རྫོང་ས་གཙང་སྐྱོན་བྲལ་ཐོན་ལས་ཀྱི་རྣམ་གྲངས་ལག་ལེན་བསྟར་ཚུན་མིག་སྔར་བོད་བྱ་ཐོན་ལས་ལ་མ་དངུལ་སྒོར་ཁྲི་630ཙམ་བཏང་ནས་ཚད་ལྡན་ཅན་གྱི་བོད་བྱ་གསོ་ཚགས་དཔེ་སྟོན་ས་ཚིགས་7བསྐྲུན་ཟིན་པ་དེས་ས་ཆ་མུའུ་134བཟུང་ཡོད། རྫོང་དེ་ཡོངས་སུ་ད་ཆ་ལག་ཡོད་བོད་བྱ་མགོ་གྲངས་ཁྲི་8.5ཙམ་ཡོད་པ་དང་མགོ་གྲངས་ཁྲི་2.1ཙམ་བཤས་བཏང་བ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།