བོད་ལྗོངས་སྙེ་མོ་རྫོང་གི་ས་མཚམས་ནང་འགྲིམ་འགྲུལ་འཁོར་འཛོལ་ཧ་ཅང་ཆེན་པོ་ཞིག་ཐོན་ནས་མི་44རྐྱེན་ལམ་དུ་ཤོར་བ།

ཤིན་ཧྭ་གསར་འགྱུར་ཁང་།

| 2014-12-18 00:15:15

ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་8ཚེས་10ཉིན་གློག་འཕྲིན་འབྱོར་གསལ།ཟླ་8ཚེས་9ཉིན་གྱི་ཕྱི་དྲོར་བོད་རང་སྐྱོང་ལྗོངས་སྙེ་མོ་རྫོང་ས་མཚམས་ནང་གི་རྒྱལ་ལམ་318ཀྱི་4740—4741KMསར་འགྲིམ་འགྲུལ་འཁོར་འཛོལ་ཧ་ཅང་ཆེན་པོ་ཞིག་ཐོན་པ་དང་ཡུལ་སྐོར་རླངས་འཁོར་ཆེ་གྲས་གཅིག་དང་མདུན་ནས་ཡོང་བའི་བྱེས་བགྲོད་རླངས་འཁོར་དང་ཟོག་འདྲེན་རླངས་འཁོར་རྡུང་ཁ་ཤོར་བ་རེད།རླངས་འཁོར་གསུམ་ནང་ཁྱོན་བསྡོམས་མི་55ཡོད་པ་དང་མྱུར་སྐྱོབ་གང་ཐུབ་བྱས་ཀྱང་ཕན་འབྲས་མ་ཐོན་པར་མི་44རྐྱེན་ལམ་དུ་ཤོར་བ་དང་དེ་བྱིངས་མི་11རྨས་ནས་ནུས་ཤུགས་ཡོད་རྒུས་མྱུར་སྐྱོབ་བྱེད་བཞིན་ཡོད་པས་གནས་སྐབས་སྲོག་ལ་ཉེན་ཁ་མེད་པ་རེད།

ཚེས་9ཉིན་གྱི་ཕྱི་དྲོ་གསར་འགོད་པས་འགྲིམ་འགྲུལ་འཁོར་འཛོལ་ཐོན་ཡུལ་ནི་ཡར་རླུང་གཙང་པོའི་རྒྱུད་ཀྱི་ལུང་ཤུར་དུ་ཡིན་པ་དང་ཡུལ་སྐོར་རླངས་འཁོར་ཆེ་གྲས་རྡུང་ཁ་ཤོར་རྗེས་ལམ་ཟུར་གྱི་གཏིང་ཚད་སྨི་10ལྷག་ཙམ་ཡོད་པའི་གཡང་གཟར་འོག་གི་ཡར་ཀླུང་གཙང་པོའི་གཙང་འགྲམ་དུ་ལྷུངས་ནས་རྦད་དེ་མགོ་རྟིང་ལོག་པ་དང་་རླངས་འཁོར་བཟོ་ལྟ་ཚབས་ཆེན་འགྱུར་བ་མཐོང་བྱུང་།

རོགས་སྐྱོབ་བྱ་ཡུལ་དུ་དྲག་ཆས་ཉེན་རྟོག་དང་།སྤྱི་བདེ་མེ་ཟོན།སྨན་དོན་སོགས་ལས་གྲུབ་པའི་མི་སྣའི་རོགས་སྐྱོབ་དཔུང་ཁག་གིས་རོགས་སྐྱོབ་སྒྲིག་ཆས་ཁྱེར་ཏེ་དེ་མ་ཉིད་དུ་འཁོར་འཛོལ་ཐོན་ཡུལ་དུ་མི་སྣ་སྐྱོབ་པར་ཐོན་པ་རེད།འོན་ཏེ་མི་མང་ཤོས་བླུགས་པའི་རླངས་འཁོར་ཆེ་གྲས་གཡང་གཟར་འོག་ཏུ་མགོ་རྟིང་ལོག་ནས་ཡར་ཀླུང་གཙང་འགྲམ་དུ་ལྷུངས་ཡོད།ས་དབྱིབས་རྙོག་འཛིང་ཆེ་བས་རོགས་སྐྱོབ་དཀའ་ཚེགས་ཆེན་པོ་ཡོད་པ་རེད། འཁོར་འཛོལ་ཐོན་རྗེས་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོ་དང་བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་འཕྲལ་དུ་མཆན་བཀོད་་མཛུབ་སྟོན་གནང་སྟེ་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་ཀྱིས་མི་སྣ་མྱུར་སྐྱོབ་བྱས་ནས་འཆི་རྨས་ཉུང་དུ་གང་ཐུབ་གཏོང་དགོས་པ་དང་།ཐོགས་མེད་བགྲོད་ལམ་བཏོད་ནས་རྨས་མ་མྱུར་དུ་སྨན་ཁང་དུ་མྱུར་སྐྱོབ་བྱེད་པར་སྐྱེལ་དགོས་པ།འགྲོ་ལམ་བཤངས་བ་དང་ཤར་གཏོང་འགན་ལེན་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད།བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་།སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི།སྲིད་གཞུང་གི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་བཅས་ཡིན་པའི་ཏེང་ཞའོ་ཀང་དང་།རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་སྲིད་གཞུང་གི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཏིང་ཡེ་ཤན།རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་སྐལ་བཟང་ཚེ་རིང་དང་སྤེན་པ་བཀྲ་ཤིས།ལྷ་ས་གྲོང་ཁྱེར་གྱི་ཧྲི་ཀྲང་ཀྲང་ཡན་ཆིང་སོགས་རང་སྐྱོང་ལྗོངས་དང་གྲོང་ཁྱེར་།རྫོང་བཅས་ཀྱི་འགན་ཁུར་བློ་མཐུན་འཁོར་འཛོལ་ཐོན་ཡུལ་དུ་ཕེབས་ནས་རོགས་སྐྱོར་བཀོད་འདོམས་དང་འཁོར་འཛོལ་ནང་གི་མི་སྣ་བཀོད་སྒྲིག་འོས་འཚམ་གནང་བ་རེད།  གསར་འགོད་པས་བོད་རང་སྐྱོང་ལྗོངས་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱས་པར་གཞིགས་ན།འཁོར་འཛོལ་ཐོན་སྐབས་མི་55བླུགས་ཆོག་པའི་རླངས་འཁོར་ཆེ་གྲས་ནང་ཁྱོན་བསྡོམས་ཁ་ལོ་བ་དང་།ལས་དོན་པ།ཡུལ་སྐོར་བ་བཅས་50ཡོད་པ་དེ་དག་ཨན་ཧུའེ་དང་།ཧྲང་ཧའེ།ཧྲན་ཏུང་།ཧོ་པེ་སོགས་ས་གནས་ནས་ཡིན་པ་དང་།བྱེས་བགྲོད་རླངས་འཁོར་ནང་མི་4ཡོད་པ།ཟོག་འདྲེན་རླངས་འཁོར་ནང་མི་1ཡོད་པ་བཅས་རེད།    གསར་འགོད་པས་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དང་བོད་དམག་ཁུལ་ཁང་གི་སྤྱི་ཁྱབ་སྨན་ཁང་སོགས་ནས་ཤེས་རྟོགས་བྱས་པར་གཞིགས་ན།སྨན་ཁང་ཆེ་གྲས་ཁག་གི་སྨན་དོན་མི་སྣས་ནུས་ཤུགས་ཡོད་རྒུས་རྨས་མར་སྐྱོབ་བཅོས་ལེགས་པར་བྱེད་བཞིན་ཡོད་པས་གནས་སྐབས་ཚེ་སྲོག་ལ་ཉེན་ཁ་མེད་པ་རེད།

བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་འཁོར་འཛོལ་དེར་མཐོང་ཧ་ཅང་ཆེན་པོ་གནང་བ་སྟེ།གཅིག་ནི་འཁོར་འཛོལ་ཐག་གཅོད་ལས་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་པ་དང་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་།སྲིད་གཞུང་གི་རྒྱུན་ལས་ཀྲུའུ་ཞི་གཞོན་པ།སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་བཅས་ཡིན་པའི་ཏེང་ཞའོ་ཀང་གིས་ཙུའུ་ཀྲང་གནང་བ་དང་དེའི་འོག་ཏུ་ས་གནས་ས་ཐོག་གི་ཐག་གཅོད་ཚོགས་ཆུང་དང་།སྐྱོབ་རོགས་ཚོགས་ཆུང་།རྗེས་འཇུག་ཚོགས་ཆུང་།འཁོར་འཛོལ་བརྟག་དཔྱད་ཚོགས་ཆུང་།ཕྱོགས་བསྡུས་མཐུན་སྦྱོར་ཚོགས་ཆུང་སོགས་ཆེད་དོན་ཚོགས་ཆུང་ལྔ་བཙུགས་ཏེ་ཁྱོན་ཡོངས་ནས་ལས་དོན་སྤེལ་འགོ་ཚུགས་ཡོད་པ་དང་།

གཉིས་ནི་ནུས་ཤུགས་ཡོད་རྒུས་རྨས་མ་སྐྱོབ་བཅོས་བྱེད་པ།རྨས་མ་རྣམས་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དང་།བོད་དམག་ཁུལ་ཁང་གི་སྤྱི་ཁྱབ་སྨན་ཁང་།ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་སོགས་སྨན་ཁང་ཆེ་གྲས་ཁག་ཏུ་བཀོད་སྒྲིག་བྱས་ཏེ་སྟོབས་ཤུགས་ཧྲག་ཤོས་གཅིག་སྡུད་བྱས་ནས་སྐྱོབ་བཅོས་བྱེད་པ་དང་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་མི་སྣ་འཆི་རྨས་ཉུང་དུ་གཏོང་བ།   གསུམ་ནི་རྗེས་འཇུག་ལས་དོན་ཧུར་ཐག་སྒྲུབ་པ།ཕྱོགས་གཅིག་ནས་འཆི་རྨས་མི་སྣ་ཚང་མར་གཅིག་ལ་གཅིག་གི་ཞིབ་ཕྲའི་ཐག་གཅོད་ཚོགས་ཆུང་བཙུགས་པ་དང་ཕྱོགས་གཞན་ཞིག་ནས་འཆི་རྨས་བྱུང་བའི་མི་སྣ་གནས་སའི་ཞིང་ཆེན་དང་གྲོང་ཁྱེར་དུ་ཡི་གེ་བཏང་ནས་བོད་དུ་འཁོར་འཛོལ་ཐག་གཅོད་ལས་དོན་ལེགས་པར་སྒྲུབ་པར་གཞོགས་འདེགས་བྱེད་མཁན་ཆེད་མི་མངགས་གཏོང་བྱ་རྒྱུའི་རེ་བ་བཏོན་པ།  བཞི་ནི་ས་གནས་ས་ཐོག་ཏུ་བརྟག་དཔྱད་བྱེད་པ།དེ་དང་འབྲེལ་བ་ཡོད་པའི་ཕེ་ཞང་ཡུལ་སྐོར་ལས་དོན་ཁང་གི་འགན་འཁུར་བ་དང་གནས་མཆོག་རླངས་འཁོར་ཡུལ་སྐོར་ཀུང་སིའི་འགན་འཁུར་བ་སོགས་འབྲེལ་ཡོད་འགན་ཁུར་མི་སྣ་ཁྲིམས་ལྟར་ཚོད་འཛིན་བྱས་པ།   ལྔ་ནི་མཚན་གང་ལྗོངས་ཡོངས་ཀྱི་འགྲིམ་འགྲུལ་བདེ་འཇགས་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ཏེ།ལྗོངས་ཡོངས་ཀྱི་ཁྱབ་ཁོངས་ནང་འགྲོ་ལམ་བདེ་འཇགས་དང་།རླངས་འཁོར་འཁོར་སྐྱོད།ཡུལ་སྐོར་བདེ་འཇགས་བཅས་ལ་ཞིབ་བཤེར་ཆེན་པོ་བྱས་ནས་བསླབ་བྱ་ལེན་པ་དང་བྱ་ཐབས་དང་འགན་འཁྲི་དོན་འཁྱོལ་བྱས་ཏེ་འཁོར་འཛོལ་ཆེན་པོ་དེ་རིགས་སླར་ཡང་མི་ཐོན་པའི་བཀག་འགོག་བྱས་པ་བཅས་རེད།

མིག་སྔར་འཁོར་འཛོལ་ནང་གི་རྨས་མ་སྐྱོབ་བཅོས་དང་།འཁོར་འཛོལ་ཐག་གཅོད།རྗེས་འཇུག་བཀོད་སྒྲིག་སོགས་ཀྱི་ལས་དོན་ཁག་ཛ་དྲག་དང་གོ་རིམ་ལྡན་པའི་ངང་སྒྲུབ་བཞིན་ཡོད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།