དཀོན་མཆོག་ཆོས་འཕེལ་གྱིས་ཕུགས་འདུན་མངོན་འགྱུར་བྱེད་།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2014-12-18 09:43:52

01.jpgའདི་ནི་དཀོན་མཆོག་ཆོས་འཕེལ་རང་ཉིད་ཀྱིས་བཙེམས་པའི་འབྲི་གུང་ཞྭ་མོ་བསྟན་བཞིན་ཡོད་པ།

02.jpgའདི་ནི་དཀོན་མཆོག་ཆོས་འཕེལ་གྱིས་བཙེམས་པའི་འཚོ་བའི་མཁོ་ཆས་ཡིན་པ།

འབྲི་གུང་མཐིལ་ནི་མཛེས་སྡུག་ཡིད་འོང་གི་ཡུལ་ལུང་ཞིག་དང་ལོ་རྒྱུས་ཀྱིས་ཕྱུག་པའི་ཞིང་ས་ཞིག་ཡིན་ལ་དེ་གར་ཡིད་དབང་འཕྲོག་ལ་སྣ་་མང་ཕུན་སུམ་ཚོགས་པའི་རིག་གནས་ཡོད།

དགུན་ཁའི་ཉིན་ཞིག་གི་སྔ་དྲོ་གསར་འགོད་པས་མཛེས་པའི་ཡུལ་ལུང་དེར་བསྐྱོད་དུས་བོད་རིགས་ས་ཁུལ་གྱི་ཐུན་མིན་གྱི་ཁྱད་ཆོས་ཤིག་ངང་ཤུགས་སུ་ཚོར་འོང་།

ང་ཚོ་རླངས་འཁོར་ནས་བབས་དུས་མིག་ལམ་དུ་འཆར་བ་ནི“མལ་གྲོ་གུང་དཀར་རྫོང་སྣམ་ཞྭ་སྲོལ་རྒྱུན་འཐག་ལས་ལས་སྣོན་མཉམ་ལས་ཁང”ཞེས་པའི་ཡི་གེ་ཆེན་པོ་དེ་དག་ཡིན།གཞི་ཁྱོན་དེ་ཙམ་ཆེན་པོ་མེད་པའི་ཁང་པའི་རྩིག་ཟུར་དུ་པང་ལེབ་ཆེན་པོ་ཁ་ཤས་བཞག་འདུག་པ་དེ་ནི་དྲས་འཚེམ་བྱ་ཡུལ་ཡིན་ལ་དབུར་ཏི་རྒྱག་ཡུལ་ཡང་ཡིན་ཞིང་།དེ་གར་རས་ཆ་སྣ་ཚོགས་བཀལ་འདུགའཚེམ་འཁོར་དག་འཚེམ་བཟོ་བའི་རྐང་པའི་འདེགས་འཇོག་འོག་མགྱོགས་པོར་འཁོར་བཞིན་ཚོན་ཁྲ་སྣ་ཚོགས་ཀྱི་འཇའ་ཚོན་དང་འདྲ་བར་རས་ཆ་རྣམས་མྱུར་པོར་འཚེམ་འཁོར་ཐོག་ནས་ལྷུང་འོང་བ་དང་ད་གིན་གྱི་རས་ཆ་རྣམས་ཡུད་ཙམ་ཞིག་ལ་གྱོན་ཆས་སྣ་ཚོགས་ཀྱི་དབྱིབས་སུ་གྱུར།གནམ་པང་འོག་ཏུ་དབྱུག་པ་གཉིས་བཏང་བའི་ཐོག་ཉོ་མཁན་གྱིས་མངགས་པའི་གྱོན་ཆས་རྣམས་བཀལ་ཡོད་པ་དང་མངོན་ཆེ་སར་སྣམ་བུའི་ཞྭ་མོ་སྣ་ཚོགས་བཞག་འདུག

དཀོན་མཆོག་ཆོས་འཕེལ་ནི་མཛེས་པའི་ཡུལ་ལུང་དེའི་སྲོལ་རྒྱུན་ལག་ཤེས་རྒྱུན་འཛིན་བྱེད་མཁན་ཞིག་ཡིན་ཞེས་བརྗོད་ན་མི་འཚམས་པ་མེད།འདི་ལོ་ལོ་65ལ་སོན་པའི་རྒད་པོ་ཁོང་བྱམས་བརྩེས་ཕྱུག་པ་ཞིག་ཡིན་པ་དང་དབུ་སྐྲ་དུང་ལྟར་དཀར་པོར་གྱུར་ཡང་འཚེམ་འཁོར་ཐོག་སྔར་བཞིན་ལས་ལ་བརྩོན་བཞིན་ཡོད་པ་དང་ཁོང་གི་འགྲམ་དུ་ཇེམ་ཙེ་རྙིང་པ་ཞིག་བཞག་ཡོད་པ་དེ་ནི་ཁོང་གིས་ལོ་མང་སྤྱད་པའི་དངོས་པོ་ཞིག་ཡིན་ལ་དེས་ལོ་ཟླའི་གཏམ་རྒྱུད་བརྗོད་པ་དང་གཉིས་སུ་མ་མཆིས།

འབྲི་གུང་གི་སྣམ་བུའི་ཞྭ་མོའི་སྐོར་གླེང་སྐབས་ཁོང་གིས་ཞྭ་མོ་ལ་མགོ་སྲུང་གི་ནུས་པ་ལྡན་ཞིང་།བོད་རིགས་མི་དམངས་ཀྱིས་དེའི་ཐོག་རྒྱན་ཆ་སྣ་ཚོགས་སྤྲས་ཏེ་སྤྱོད་གོ་ཆོད་ལ་མཐོང་སྣང་དོད་པོ་ཞིག་བཟོས་ཡོད།བོད་ལུགས་ཀྱི་ཞྭ་མོར་བོད་རིགས་ཀྱི་གྱོན་ཆས་གཞན་དང་འདྲ་བར་མཆོར་སྒེག་དང་།རྒྱུ་ཆར་དང་དོད།ལས་སྣོན་ཞིབ་ཚགས།ཁུངས་མཐུག་པ་སོགས་ཀྱི་ཁྱད་ཆོས་ལྡན་པ་ཕུད་དེ་བས་གལ་ཆེ་བ་ཞིག་ལ་ཞྭ་མོས་མཛེས་འཆོས་ཀྱི་ལྟ་བ་དང་།ས་ཁོངས་ཀྱི་ཁྱད་ཆོས།ལས་རིགས་བཅས་དང་དེ་བཞིན་སྤྱི་ཚོགས་ཀྱི་གནས་བབ་དང་།དབུལ་ཕྱུགཆོས་ལུགས་ཀྱི་གྲུབ་མཐའ་སོགས་མཚོན་གྱི་ཡོད་པས་བོད་ཀྱི་རིག་གནས་ཀྱི་ཉིང་བཅུད་ལྟ་བུ་ཞིག་ཡིན།བོད་རིགས་ས་ཁུལ་གཞན་དང་འདྲ་བར་འབྲི་གུང་ཁུལ་དུ་ཞྭ་མོ་སྣ་ཚོགས་ཡོད་པ་དང་དེའི་ནང་ནས་སྣམ་བུའི་ཞྭ་མོར་ཚང་མས་དགའ་པོ་བྱེད་ཀྱི་ཡོད་ཅེས་ཚོར་བ་ཟབ་མོས་བརྗོད།

དུས་རབས་བདུན་པའི་དུས་མཇུག་ཏུ་སློབ་དཔོན་པདྨ་འབྱུང་གནས་གཏེར་སྒྲོམ་གྲོང་ཚོར་ཕེབས་རྗེས་ཡུལ་དེའི་དགེ་འདུན་པ་ཚོས་སློབ་དཔོན་གྱི་རྗེས་འབྲངས་ཚུལ་དུ་ཚོས་མདོག་དམར་པོ་གཞིར་བྱས་པའི་ཐོག་གོས་ཆེན་སེར་པོ་དང་མཐའ་འགྲིལ་དུ་གསེར་སྐུད་བཏང་བའི་སྣམ་བུའི་ཞྭ་མོ་ཞིག་གྱོན་གྱི་ཡོད།འབྲི་གུང་ཁུལ་གྱི་བུད་མེད་ཀྱི་སྣམ་བུའི་ཞྭ་མོའི་བཟོ་ལྟ་ནི་དེར་དཔེ་བལྟས་པ་ཞིག་ཡིན་ལ་འབྲི་གུང་བཀའ་བརྒྱུད་ཀྱི་ཤིང་རྟའི་སྲོལ་འབྱེད་སྐྱོབ་པ་འཇིག་རྟེན་གསུམ་མགོན་དང་འབྲེལ་བ་ཆེན་པོ་ཡོད་པར་གྲགས།

སྐྱོབ་པ་འཇིག་རྟེན་གསུམ་མགོན་མཆོག་གིས་སློབ་དཔོན་གྱི་སྐུ་མདུན་ནས་ཆོས་གསན་སྐབས་སློབ་དཔོན་གྱིས་དགེ་ཕྲུག་གསུམ་པོར་ཉམས་སད་གནང་ཆེད་མི་རེར་སྣམ་བུ་འདོམ་པ་གཉིས་རེ་གནང་སྟེ་སྣམ་བུའི་ཞྭ་མོ་ཞིག་བཟོ་དགོས་པའི་བཀའ་གནང་།སྐབས་དེ་དུས་སྐྱོབ་པ་འཇིག་རྟེན་གསུམ་མགོན་གྱིས་སློབ་དཔོན་ལ་དད་གུས་མཚོན་པར་བྱ་ཕྱིར་འབྲི་གུང་གི་སྣམ་བུའི་ཞྭ་མོ་བཟོས་གནང་བས་འབྲི་གུང་གི་སྣམ་བུའི་ཞྭ་མོ་བཟོ་སྟངས་ད་བར་མི་ཉམས་པར་གནས་པར་གྲགས།

“འབྲི་གུང་གི་སྣམ་བུའི་ཞྭ་མོར་ཤོད་རྒྱུན་མང་པོ་ཡོད་པའི་ནང་གཞི་འཛིན་ས་ཡོད་པ་ཞིག་ནི་མཁའ་འགྲོ་མའི་དབུ་རྒྱན་དང་འབྲི་གུང་གི་སྲུང་མ་ཨ་ཕྱི་ཆོས་སྒྲོན་གྱི་དབུ་ཞྭའི་ཐོག་གི་རྒྱལ་བ་རིགས་ལྔའི་དབུ་རྒྱན་གཉིས་ཡིན།སྣམ་བུའི་དབུ་ཞྭ་དེ་གཉིས་ཀྱི་མཐའ་གཉིས་ལ་ལི་སྨི་7ཡས་མས་ཀྱི་གོས་ཆེན་བཏང་ཡོད།ཞྭ་ཏོག་གི་མཐའ་གཉིས་དང་དབུས་སུ་འཚེམ་དྲུབ་བརྒྱབ་པའི་རི་མོས་རྒྱལ་བ་རིགས་ལྔ་དང་རིགས་གསུམ་མགོན་པོ་མཚོན་པ་དང་།དབུས་ཀྱི་ཚོས་གཞི་ནག་པོ་དེས་དབུ་སྐྲ་མཚོན་པ།དབུས་སུ་མེ་ཏོག་པདྨ་བརྒྱན་ཡོད་པ་དེས་དབུ་སྐྲར་རྡོ་རྗེ་ཕ་ལམ་བརྒྱན་པ་མཚོན།རྒྱབ་ངོས་སུ་རྭ་ཅོ་འདྲ་བ་གཉིས་ཡོད་པ་ནི་འབྲི་གུང་མཐིལ་དགོན་ཕྱག་འདེབས་ཡུལ་འདེམས་སྐབས་སྤྲུལ་པ་ཡིན་པར་གྲགས་པའི་འབྲིའི་རྭ་ཅོའི་མཚོན་དོན་ཡིན་པ་སོགས་ཀྱི་སྐོར”སྤྲོ་བ་ཆེན་པོས་ཤོད་ཞོར་དུ་དཀོན་མཆོག་ཆོས་འཕེལ་གྱིས་སྒྲོག་ཙེའི་ཐོག་ནས་བཟོས་ཚར་མ་ཐག་པའི་སྣམ་བུའི་ཞྭ་མོ་ཞིག་བླངས་ཏེ་ང་ཚོར་གསལ་བཤད་ཞིབ་ཕྲ་བརྒྱབ།

“འབྲི་གུང་སྣམ་བུའི་ཞྭ་མོའི་སྤྱོད་ཁོངས་གཙོ་བོ་ནི་མལ་གྲོ་གུང་དཀར་རྫོང་རྩ་ཞོལ་ཤང་དང་།རྨམ་པ་ཤང་།ཉི་མ་ལྕང་རྭ་ཤང་བཅས་ཀྱི་རྒྱ་ཆེའི་བུད་མེད་ཁྲོད་ཡིན་པ་དང་།དུས་རབས་ཀྱི་དགོས་མཁོ་དང་བསྟུན་ནས་བཟོ་འཚེམ་ལག་རྩལ་ཡང་ཇེ་ཡག་ཏུ་འགྲོ་བཞིན་ཡོད་ལ་གྱོན་མཁན་གྱི་ལོ་ཚོད་མི་འདྲ་བར་གཞིགས་ནས་འབྲི་གུང་སྣམ་བུའི་ཞྭ་མོ་དེར་བཟོ་འཚེམ་ལག་རྩལ་ཐད་གཤིས་ཉམས་མི་འདྲ་བ་ཡོད་ཅིང་།དེང་རབས་ཀྱི་འབྲི་གུང་བུད་མེད་ཕལ་ཆེ་བས་དུས་ཆེན་དང་རྟེན་འབྲེལ་སྐབས་གྱོན་པའི་མེད་དུ་མི་རུང་བའི་གཟབ་མཆོར་གྱི་གྲས་ཤིག་ཡིན།ངག་རྒྱུན་དུ་ཞྭ་མོ་དེ་འདྲ་གྱོན་པའི་བུད་མེད་ཚོར་འབྲི་གུང་གི་སྲུང་མ་ཨ་ཕྱི་ཆོས་སྒྲོན་གྱིས་མགོན་སྐྱབས་གནང་བར་གྲགས་པ་དེ་ཡང་ཀུན་གྱིས་ཞྭ་མོ་དེ་གྱོན་སྤྲོ་བའི་རྒྱུ་མཚན་གཙོ་བོ་ཞིག་ཡིན”ཞེས་དཀོན་མཆོག་ཆོས་འཕེལ་གྱིས་ད་ལྟའི་འབྲི་གུང་ཁུལ་དུ་སྣམ་བུའི་ཞྭ་མོའི་དར་ཁྱབ་ཐད་སྤྲོ་སྣང་དང་བཅས་བརྗོད།

“བཟོ་འཚེམ་གྱི་ཐད་ནས་ང་ཚོ་ཡང་ཁྱིམ་རྒྱུད་དུ་བརྩི་ཆོགངའི་སྐབས་འདི་མི་རབས་བཞི་པར་སླེབས་ཡོད”ཅེས་དཀོན་མཆོག་ཆོས་འཕེལ་གྱིས་བཤད་ཅིང་།ཁོང་རང་ཆུང་དུས་སུ་ཉིན་ལྟར་ཕ་དང་མཉམ་དུ་ཁབ་སྐུད་ཀྱི་ཁྲོད་དུ་འཚོ་བ་བསྐྱལ་ཚུལ་ཡིད་ནས་བརྗེད་པར་དཀའ།

“སྐབས་དེར་ལག་རྩལ་ཡག་པོ་ཞིག་ཡོད་ཚེ་ཁྱིམ་ཚང་ཧྲིལ་པོའི་འཚོ་བ་ཡག་པོ་སྐྱེལ་ཐུབ”འོན་ཀྱང་བཟོ་འཚེམ་གྱི་ལག་རྩལ་ཡག་པོ་སྦྱོང་རྒྱུ་ནི་དངོས་གནས་ལས་སླ་པོ་ཞིག་མིན།དཀོན་མཆོག་ཆོས་འཕེལ་གྱིས་ཆུང་དུས་སུ་སྦྱངས་པ་ནི་རྨང་གཞི་ཡིན་ལ་གྱོན་གོས་ཡག་པོ་ཞིག་བཟོ་འདོད་ན་ད་དུང་ལག་ལེན་ཁྲོད་ནས་ཉམས་མྱོང་གསོག་དགོས་པ་དང་ལག་རྩལ་སྦྱོང་དགོས་ཞེས་བཤད།ལོ་ན་བཅུ་བདུན་བཅོ་བརྒྱད་ལ་སོན་སྐབས་དཀོན་མཆོག་ཆོས་འཕེལ་གྱིས་དངོས་སུ་ལས་ཀ་བྱེད་འགོ་ཚུགས།ཇུས་འགོད་དང་འཚེམ་བཟོ་བྱེད་སྐབས་སྐྱོན་ཡོད་ཚེ་བསྐྱར་ལས་བྱེད་དགོས་པས།ཁོང་རྟག་ཏུ་ཉིན་གང་པོར་བསྡད་པ་དང་སྐབས་རེར་ཐ་ན་མཚན་གུང་བར་འཚེམ་བཟོ་བྱས་ནས་སྡོད་ཀྱི་ཡོད།དུས་ཡུན་རིང་པོར་འབད་འཐབ་བྱས་པ་བརྒྱུད་ཁོང་ལ་རིམ་གྱིས་གྱོན་གོས་འཚེམ་བཟོའི་སྤྲོ་སྣང་ཡོད་པར་གྱུར།

“རས་དང་།འཚེམ་འཁོར།སྐེ་གྲི་བཅས་ནི་གྲང་ཤུར་ཤུར་ཡིན་མོད།དོན་དམ་པར་ཁོ་ཚོར་ཡང་ཚོར་ཤེས་ཡོད”ཅེས་དཀོན་མཆོག་ཆོས་འཕེལ་གྱིས་འཚེམ་འཁོར་ཞིག་འདོན་བཞིན་འཚེམ་འཁོར་འདི་ནི་ང་དང་མཉམ་དུ་ལོ་ངོ་མང་པོ་གཤིབ་པའི“གྲོགས་པོ་རྙིང་པ་ཞིག་ཡིན” སྤྱིར་ན་འདིས་སྐད་ཆ་ཚིག་གཅིག་ཀྱང་མི་བརྗོད་མོད་ཧ་ཅང་གོ་ཆོད།ལག་རྩལ་བྱང་ཆུབ་རྗེས་སླར་ཡང་ལས་རིགས་དེའི་ནང་ཞུགས་པའི་བརྩེ་དུང་གི་དབང་གིས་ངས་བཟོས་པའི་གྱོན་གོས་ལ་ཚེ་སྲོག་ཡོད་པ་དང་འདྲ་བར་ཡིད་དུ་འོང་ཞེས་བརྗོད།

“ལག་རྩལ་འདི་སྔར་བས་དར་སྤེལ་ཡག་པོ་གཏོང་བ་དང་ཚང་མའི་སྣེ་ཁྲིད་ནས་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་ཆེད་འདི་ལོ་ང་ཚོས་ཤང་སྲིད་གཞུང་གི་རོགས་རམ་འོག་མ་དངུལ་སྒོར་ཁྲི་20བཏང་ནས་མལ་གྲོ་གུང་དཀར་སྣམ་ཞྭ་སྲོལ་རྒྱུན་ཁབ་འཚེམ་ལས་སྣོན་མཉམ་ལས་ཁང་བཙུགས་པ་ཡིན།ད་ལྟ་མཉམ་ལས་ཁང་དུ་ཁྱོན་མི་12ཡོད་པའི་ཁྲོད་དབང་པོ་སྐྱོན་ཅན་གཅིག་དང་མ་མཐའི་འགན་ལེན་གྱི་དུད་ཚང་3བཅས་ཡོད”ཤེས་རྟོགས་བྱུང་བར་གཞིགས་ན།འདི་ལོ་ལོ་ན་30ཡིན་པའི་དཀོན་མཆོག་རིན་ཆེན་གྱིས་མཉམ་ལས་ཁང་བཙུགས་པའི་ཚོགས་ཆེན་ཐོག་ཀུན་གྱིས་ལས་འཛིན་འགོ་གཙོར་འོས་འདེམས་བྱས།

ལབ་གླེང་རགས་ཙམ་བྱས་པ་བརྒྱུད་གསར་འགོད་པས་ལོ་ན་གཞོན་པའི་དཀོན་མཆོག་རིན་ཆེན་ཉིད་ཀུན་གྱིས་རེ་བ་བཅོལ་སའི་ཁྱིམ་རྒྱུད་ཁེ་ལས་ཆུང་གྲས་ཀྱི་ལས་འཛིན་འགོ་གཙོར་འགྱུར་ཐུབ་དོན་ཧ་ལམ་རྟོགས་པར་གྱུར།དེ་ནི་སྣམ་བུའི་ཞྭ་མོའི་འཕེལ་རྒྱས་མདུན་ལམ་དང་དེང་སྐབས་གནས་བབ་ལ་ངེས་ཤེས་གསལ་པོ་ཡོད་པའི་མི་ཞིག་ཡིན།

“འབྲི་གུང་ཞྭ་མོར་འཕེལ་རྒྱས་ཀྱི་མདུན་ལམ་ཧ་ཅང་ཡག་པོ་ཡོད།དང་པོ་ནི་དེའི་ལོ་རྒྱུས་རྒྱུན་འཛིན་གྱི་རིན་ཐང་རེད།འབྲི་གུང་སྣམ་བུའི་ཞྭ་མོ་ཐོན་སྐྱེད་བཟོ་རྩལ་རྙོག་འཛིང་ཆེ་ལ་བཟོ་རིམ་གྱི་བླང་བྱ་ཚང་མ་ཧ་ཅང་མཐོ།དེ་ནི་དེང་རབས་འཕྲུལ་ཆས་ཀྱིས་ཚབ་བྱེད་ཐབས་བྲལ་བ་དང་ཧ་ཅང་རྩ་བ་ཆེ་བའི་ལོ་རྒྱུས་ཤུལ་བཞག་ཅིག་ཡིན།དེ་དང་ཆབས་ཅིག་འབྲི་གུང་སྣམ་བུའི་ཞྭ་མོར་མི་རིགས་ཀྱི་རིག་གནས་གཞི་རྒྱུ་ཟབ་མོ་ལྡན་པ་དང་།དུས་ཡུན་རིང་པོའི་ཐོན་སྐྱེད་ངལ་རྩོལ་དང་འཚོ་བའི་ལག་ལེན་ཁྲོད་བསགས་པའི་མི་རིགས་ཀྱི་སྙིང་སྟོབས།མི་རབས་ནས་མི་རབས་བར་བརྒྱུད་པའི་མི་རིགས་ཀྱི་བསམ་པའི་སྙིང་བཅུད་བཅས་ཡིན།གཞན་ཡང་ད་ལྟའི་ཆར་མི་རིགས་ཀྱི་ཁྱད་ལྡན་ཐོན་ལས་དར་སྤེལ་དང་།རང་སའི་དཔལ་འབྱོར་གོང་འཕེལ།ལས་ཞུགས་ཐག་གཅོད།ཞིང་འབྲོག་པའི་ཡོང་འབབ་འཕར་བ།ཁྲོམ་རའི་དགོས་མཁོ་སྐོང་བ།ཕྱུག་འགྱུར་འཕར་སྣོན་སོགས་ཀྱི་ཐད་དཔལ་འབྱོར་གྱི་མི་མངོན་པའི་སྟོབས་ཤུགས་ངེས་ཅན་ལྡན”

“འོན་ཀྱང་འབྲི་གུང་སྣམ་བུའི་ཞྭ་མོའི་གནས་བབ་ནི་ཧ་ཅང་སེམས་ཁྲལ་སྐྱེ་བ་ཞིག་ཡོད་དེ།སྤྱོད་ཁོངས་ཅུང་ཆུང་བ་དང་མཁོ་སྤྲོད་བྱ་ཡུལ་ཕལ་ཆེ་བ་ནི་རྫོང་དེ་གའི་ཤང་གསུམ་ཙམ་ཡིན་པས་ཁྲོམ་རར་གོ་ས་ངེས་ཅན་ཞིག་ཟིན་དཀའ།དེ་དང་ཆབས་ཅིག་དེའི་ཁེ་སྤོགས་ཅུང་ཆུང་བས་ན་གཞོན་མང་པོས་ལག་རྩལ་དེ་སྦྱོང་འདོད་མེད་པས་རྒྱུན་འཛིན་པ་དཀོན་པའི་དཀའ་ངལ་བྱུང་།དེར་བརྟེན་ཕྱི་ཕྱོགས་སུ་དྲིལ་བསྒྲགས་ཡག་པོ་བྱས་ནས་མི་སྔར་ལས་མང་བས་འབྲི་གུང་སྣམ་བུའི་ཞྭ་མོ་རྟོགས་སུ་འཇུག་དགོས”ཞེས་བརྗོད་བྱུང་།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།