དབེན་པའི་ནགས་གསེབ་ལས་ཐོན་པའི་རྭ་སྒྲེང་ཆོས་བྲོ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2015-01-04 11:32:50

212.jpg

ནང་སྦྱོང་བྱེད་པ།

རྭ་སྒྲེང་ཆོས་བྲོའི་ལོ་རྒྱུས་རིང་ལ་སྤྱི་ཚོགས་དང་མང་ཚོགས་ཀྱི་རྨང་གཞི་ཟབ་ཅིང་།འཁྲབ་རྩལ་དམིགས་བསལ་ཆེ་བ།སྒྱུ་རྩལ་གྱི་རིན་ཐང་ཆེས་མཐོ་བ་བཅས་ཀྱིས་བོད་ཀྱི་དམངས་ཁྲོད་ཞབས་གཞས་ཁྲོད་དུ་ཚབ་མཚོན་རང་བཞིན་དང་དཔེ་སྟོན་རང་བཞིན་ཧ་ཅང་ཆེན་པོ་ལྡན་ཡོད།ལྷག་དོན་དུ་2008ལོར་རྭ་སྒྲེང་གི་ཆོས་བྲོ་དེ་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཏུ་གྱུར་བས་ངོ་མཚར་ཆེ་བའི་ཆོས་བྲོ་དེ་དགོན་པ་དང་རི་ཁུལ་ནས་ཐོན་ཏེ་མི་རྣམས་ཀྱི་མིག་ཡིད་རྣ་བའི་དགའ་སྟོན་དུ་གྱུར་ཡོད་པ་རེད།

རྭ་སྒྲེང་ཆོས་བྲོ་ནི་ལོ་རྒྱུས་རིང་བའི་བྲོའི་གྲས་ཤིག་ཡིན་པ།

བྲོ་ནི་རང་ལྗོངས་ཀྱི་ས་ཁུལ་གང་སར་དར་ཁྱབ་ཆེ་བའི་དམངས་ཁྲོད་ཀྱི་སྒྱུ་རྩལ་རྣམ་གྲངས་ཤིག་ཡིན་པ་དང་གནའ་ཉམས་དོད་ལ།གསོན་ཉམས་ལྡན་པ་དང་འཁྲུག་ཆ་དོད་པས་ངལ་རྩོལ་གྱི་རྣམ་པ་དང་འཚོ་བའི་ཉམས་འགྱུར་ཕུན་སུམ་ཚོགས་པའི་ཞབས་གཞས་ཤིག་ཡིན་པ་དེར་ལྗོངས་ཕྱི་ནང་ཙམ་མ་ཟད།ཕྱི་རྒྱལ་གྱི་ཡུལ་སྐོར་བ་དང་རིག་གནས་པས་ཧ་ཅང་དགའ་པོ་བྱེད་པ་དང་ཞིབ་འཇུག་གི་རིན་ཐང་ཆེ་བའི་སྒྱུ་རྩལ་རྣམ་གྲངས་ཤིག་ཏུ་ངོས་འཛིན་བྱེད་བཞིན་ཡོད།རྭ་སྒྲེང་གི་ཆོས་བྲོ་ནི་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་བློ་གྲོས་རྩལ་ལས་ཐོན་པ་གང་ཞིགརྭ་སྒྲེང་དགོན་པ་དང་འབྲེལ་བ་དམ་ཟབ་ཡོད་པ་རེད།ཤོད་སྲོལ་ལ་དུས་རབས་10པ་ཙམ་ལ་འབྲོམ་སྟོན་པས་རྭ་སྒྲེང་དགོན་པ་ཕྱག་འདེབས་སྐབས་བྲོ་དེ་ཐོག་མར་འཁྲབ་སྲོལ་དར་བ་དང་དུས་ཕྱིས་རྭ་སྒྲེང་སྐུ་ཐོག་ལྔ་པའི་དུས་སུ་སྨར་ཁམས་ཁུལ་ནས་མཁས་པ་གདན་ཞུས་ཀྱིས་འཁྲབ་འཁྱེར་དང་ནང་དོན་གང་ཅིའི་ཐད་སྒྱུར་བཅོས་ཆེན་པོ་ཞིག་བྱས་པས་ད་གཟོད་གཞི་ནས་སྐད་གྲགས་ཆོད་པའི་དུམ་བུ་བཅུ་གསུམ་གྱི་བདག་ཉིད་ཅན་གྱི་རྭ་སྒྲེང་བྲོ་དེ་ཐོན་པ་ཞིག་ཡིན།

རྭ་སྒྲེང་ཆོས་བྲོ་ནི་ཆོས་ལུགས་རིག་གནས་ཀྱི་རྨང་གཞི་ཧ་ཅང་ཟབ་པོའི་ཐོག་ཐོན་པ་ཞིག་ཡིན་པས་དམིགས་བསལ་གྱི་སྒྱུ་རྩལ་རྣམ་པ་ཞིག་ཆགས་ཏེ་འགྱུར་ཁུག་དང་སྟངས་སྟབས་གང་ཅིའི་ཐད་འཆད་གྱེར་འཁྲབ་གསུམ་ཚང་བའི་གདོད་མའི་སྒྱུ་རྩལ་གྱི་རྣམ་པ་སྲུང་འཛིན་བྱས་ཡོད་ལ།ཆོས་བྲོ་དེ་ནི་ས་གནས་དེ་གའི་མང་ཚོགས་ཚོས་དུས་ཆེན་དང་དགའ་སྟོན་རྟེན་འབྲེལ་གང་ཡིན་ལ་འཁྲབ་སྟོན་བྱེད་པའི་མི་རབས་རྒྱུད་ཀྱི་སྒྱུ་རྩལ་ཞིག་ཡིན།ལྷག་དོན་དུ་དེའི་སྟངས་སྟབས་དང་།ཕྱག་རྒྱ།ཐ་ན་མིག་གི་ལྟ་སྟངས་ཚུན་ལ་དམིགས་བསལ་གྱི་རེ་བ་ནན་པོ་ཡོད་པ་མ་ཟད།ཕན་ཚུན་ཟུང་འབྲེལ་དམ་ཟབ་བྱས་ན་གཞི་ནས་ངོ་མཚར་ཆེ་བའི་གར་སྟབས་མངོན་ཐུབ་ཀྱི་ཡོད།དེར་བརྟེན་རྭ་སྒྲེང་གི་ཆོས་བྲོ་འཁྲབ་མཁན་ཞིག་ཡིན་ཕྱིན་རང་ངོས་ཀྱི་བྱང་ཚད་ཧ་ཅང་མཐོ་པོ་དགོས་ཀྱི་ཡོད་པས་ཆུང་དུས་ནས་གསོ་སྦྱོང་བྱེད་དགོས་ཀྱི་ཡོད་པ་མ་ཟད།ལྷན་སྐྱེས་ཀྱི་འཆད་གྱེར་གཏོང་འཁྲབ་དང་འཁྲབ་རྩལ་གྱི་རྨང་གཞིའི་ཆ་རྐྱེན་ལེགས་ཙམ་འཛོམས་དགོས་ཀྱི་ཡོད་པ་རེད།ད་ཆ་རྒྱུན་འཛིན་ཐུབ་པའི་རྭ་སྒྲེང་ཆོས་བྲོའི་དུམ་བུ་དང་པོ་ནི་སྔོན་འགྲོའམ་མཆོད་པ་ཡིན་པ་དང་།གཉིས་པ་ནི་གནས་མཆོག་རྭ་སྒྲེང་ལ་བསྟོད་པ་འབུལ་བ།གསུམ་པ་ནི་གཞས་ར་བྱིན་གྱིས་བརླབས་པ།བཞི་པ་ནི་ས་འདུལ་བྱ་རྒྱུ་ཡིན་པ།ལྔ་པ་ནི་དངོས་གཞི།དྲུག་པ་ནི་སྨོན་འདུན་ཞུ་བ།བདུན་པ་ནི་བཀྲ་ཤིས་གཅོད་པ།བརྒྱད་པ་ནི་གཡང་འགུགས་བཅས་ཡིན་ཞིང་།དུམ་བུ་དེ་དག་གི་གར་སྟབས་ཡིད་དབང་འཕྲོག་ལ་ནང་དོན་ཡང་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད་པ་དཔེར་ན།དུམ་བུ་གཉིས་པའི་གཞས་ཀྱི་ནང་དོན་ནི་སྙན་ཞིང་ཡིད་དབང་འཕྲོག་པའི་ཚིག་སྦྱོར་ལ་བརྟེན་ནས་རྭ་སྒྲེང་ཁུལ་གྱི་དུས་བཞིའི་མཛེས་ལྗོངས་དང་རི་ཆུ་ཀླུང་གསུམ་ལ་བསྟོད་པ་འབུལ་བ་དེ་ཡིན།

རྭ་སྒྲེང་ཆོས་བྲོ་རྒྱུན་འཛིན་དང་འཕེལ་རྒྱས་ཀྱི་སྔ་ལྟས་བཟང་པོ་ཡོད་པ།

ང་ཚོས་རྭ་སྒྲེང་ཆོས་བྲོའི་སྐོར་གླེང་སྐབས་དེའི་རྒྱུན་འཛིན་པ་ངག་དབང་དོན་གྲུབ་ཀྱི་སྐོར་གླེང་བར་བྱ་རྒྱུ་ནི་སྨོས་མེད་ཅིག་ཡིན་ཞིང་།འདི་ལོ་ལོ་53ལ་སླེབས་པའི་ངག་དབང་དོན་གྲུབ་ནི་ཆུང་བྱིས་པའི་དུས་ནས་གཞས་འཁྲབ་རྒྱུར་ཧ་ཅང་དགའ་བས་གྲོང་ཚོའི་ནང་གང་དུ་གཞས་འཁྲབ་མཁན་ཡོད་ན་ཁོང་གི་བྱིས་པའི་གཟུགས་བརྙན་དེ་གར་མཐོང་རྒྱུ་ཡོད།1975ལོར་ཁོང་སློབ་ཆུང་ཐོན་རྗེས་ལྷུན་གྲུབ་རྫོང་རིག་རྩལ་དྲིལ་བསྒྲགས་རུ་ཁག་གི་འཁྲབ་སྟོན་པ་བྱས་པ་དང་ལོ་ཤས་སོང་རྗེས་རྒྱུ་རྐྱེན་སྣ་ཚོགས་ཀྱིས་རྐྱེན་པས་ཁྱིམ་དུ་ལོག་ནས་ཞིང་ལས་བྱས་པ་རེད།ལོ་དེ་གར་ངག་དབང་དོན་གྲུབ་ཀྱིས་ཁོང་གི་ཕ་སངས་རྒྱས་བསྟན་འཛིན་ལས་བརྒྱུད་རིམ་ལྡན་པའི་སྒོ་ནས་རྭ་སྒྲེང་གི་ཆོས་བྲོ་སྦྱོང་འགོ་ཚུགས་ཤིང་།དུས་དེ་ནས་བཟུང་རྭ་སྒྲེང་གི་ཆོས་བྲོ་དེ་ངག་དབང་དོན་གྲུབ་ཀྱི་མི་ཚེའི་གལ་ཆེའི་ནང་དོན་ཞིག་ཏུ་གྱུར་བས་དེའི་འགྱུར་ཁུག་རེ་རེ་བཞིན་དང་སྟངས་སྟངས་སྟབས་རེ་རེ་བཞིན་ཁོང་གི་དྲན་ཤེས་ཀྱི་ཀློང་དུ་གསལ་ལེར་འཆར་བཞིན་ཡོད།

སྐབས་དེར་ཁོང་གི་ཕ་ནི་སྟོངས་ཉེར་ཐུག་པའི་རྭ་སྒྲེང་ཆོས་བྲོ་བསྐྱར་གསོའི་ལས་ལ་ཞུགས་ནས་འཁྲབ་སྟོན་པ་སྒྲིག་འཛུགས་བྱེད་བཞིན་ཡོད་པས་ཁོང་ཐེ་ཚོམ་མེད་པར་དེའི་ནང་ཞུགས།1981ལོར་ངག་དབང་དོན་གྲུབ་ཀྱིས་དངོས་སུ་འཁྲབ་སྟོན་རུ་ཁག་གི་འགན་འཁུར་བ་བྱས་པ་ཟད།རྒྱུན་འཛིན་དར་སྤེལ་གཏོང་རྒྱུའི་ཆོད་སེམས་ཆེན་པོ་ཡོད་མོད།འཁྲབ་སྟོན་བྱེད་པའི་གོ་སྐབས་ཧ་ཅང་ཉུང་ངུ་ཡིན་ཞིང་།ལོ་གསར་དང་འོང་སྐོར་སོགས་དུས་ཆེན་ཆེ་ཁག་དང་དགོན་པའི་ཆོས་ཕྱོགས་ཀྱི་བྱེད་སྒོ་ཆེ་གྲས་སྤེལ་སྐབས་མ་གཏོགས་འཁྲབ་སྟོན་བྱེད་པའི་གོ་སྐབས་མེད་པ་དང་འཁྲབ་སྟོན་པ་རྣམས་ཀྱང་ས་དེ་གའི་ཞིང་པ་ཡིན་པས་རྣམ་ཀུན་ཞིང་ལས་དང་ཞོར་ལས་ལ་གཞོལ་ནས་འཁྲབ་སྟོན་དང་སྦྱོང་བརྡར་གྱི་གོ་སྐབས་ཉུང་བ་དང་གཏན་འཇགས་ཀྱི་ཡོང་འབབ་དང་འཁྲབ་སྟོན་གྱི་གོ་སྐབས་མེད་པ་རེད།གནས་ཚུལ་དེ་འདྲའི་འོག་ཇི་ལྟར་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་རྒྱུ་ནི་ངག་དབང་དོན་གྲུབ་ཀྱི་སེམས་ནད་ཅིག་ཏུ་གྱུར་ཡོད་རུང་འབྲེལ་ཡོད་ཚན་པའི་རྒྱབ་སྐྱོར་འོག་2006ལོར་ཐོག་མར་ཕྱི་ཕྱོགས་སུ་འཁྲབ་སྟོན་བྱེད་པའི་གོ་སྐབས་ཐོབ་པ་དང་2007ལོར་ལྷ་ས་བརྙན་འཕྲིན་ལས་ཁུངས་ཀྱི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་མཚན་ཚོགས་ཀྱི་སྒྲ་འཇུག་བྱས་པར་གྲུབ་འབྲས་ཀྱང་ལེགས་པོ་ཐོབ་ནས་རྒྱ་ཆེའི་གཟིགས་མོ་བས་གདེང་འཇོག་མཐོ་པོ་བྱས་པ་རེད།དུས་དེ་ནས་བཟུང་ལྷུན་གྲུབ་རྫོང་གིས་གཉེར་བའི་སྒོར་གཞས་འགྲན་བསྡུར་དང་།ལྷ་སའི་ཞོ་སྟོན།བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་40འཁོར་བའི་རྟེན་འབྲེལ་བྱེད་སྒོ།དེ་བཞིན་བོད་ཀྱི་ལོ་གསར་མཚན་ཚོགས་སོགས་བྱེད་སྒོ་ཆེ་གྲས་ནང་རྭ་སྒྲེང་ཆོས་བྲོའི་སྒྱུ་རྩལ་ཉམས་བཟང་མངོན་ཚད་ཇེ་མང་དུ་་ཡོད་པ་རེད།ལྷག་དོན་དུ་2008ལོར་རྭ་སྒྲེང་ཆོས་བྲོ་དེ་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ནང་བཅུག་པ་དང་ངག་དབང་དོན་གྲུབ་ཀྱང་དེའི་རྒྱུན་འཛིན་པར་གྱུར་བ་ནི་རྭ་སྒྲེང་ཆོས་བྲོ་མི་ཉམས་རྒྱུན་འཛིན་ཡོང་བའི་སྔ་ལྟས་བཟང་པོ་ཞིག་རེད།

རྭ་སྒྲེང་ཆོས་བྲོ་དེ་ཆོས་ལུགས་སྒྱུ་རྩལ་རིག་གནས་ཀྱི་ཚབ་མཚོན་ཞིག་གི་ངོས་ནས་ལྷུན་གྲུབ་རྫོང་གིས་ལོ་ལྔའི་སྲུང་སྐྱོབ་ཀྱི་འཆར་འགོད་བཟོས་ནས་དཔྱད་གཞི་བསྡུ་སྒྲིག་བྱེད་པ་དང་།རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་དང་རིག་གནས་ཀྱི་ཁེ་བེད་བདག་ཐོབ་བརྩོན་ལེན་བྱེད་པ།རྒྱུན་འཛིན་པ་གསོ་སྐྱོང་བྱ་རྒྱུ་སོགས་ལ་ཞིབ་ཕྲའི་འཆར་འགོད་བཟོས་ཡོད་པས་སྲིད་གཞུང་གི་རྒྱབ་སྐྱོར་དང།མང་ཚོགས་ཀྱི་ཧུར་སེམས།རྒྱུན་འཛིན་པའི་འབད་འཐབ་བཅས་ལ་བརྟེན་ནས་རྭ་སྒྲེང་ཆོས་བྲོ་དེ་རྒྱུན་འཛིན་དང་འཕེལ་རྒྱས་ལེགས་པོ་ཡོང་བའི་མཐུན་རྐྱེན་ཡོངས་སུ་ཚང་ཡོད་དོ།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།