སྟོད་ལུང་བདེ་ཆེན་རྫོང་གི་སྨན་བཅོས་སྒྱུར་བཅོས་ལ་ཕན་འབྲས་ཐོན་པ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2015-06-05 09:42:48

འདི་ལོ་ནས་བཟུང་སྟོད་ལུང་བདེ་ཆེན་རྫོང་གིས《ལྷ་ས་གྲོང་ཁྱེར་གྱི་རྫོང་རིམ་པའི་གཞུང་བཙུགས་སྨན་ཁང་གི་ཕྱོགས་བསྡུས་སྒྱུར་བཅོས་ལས་ཀའི་ལག་བསྟར་ཇུས་གཞི》གཞིར་བཟུང་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ《སྟོད་ལུང་བདེ་ཆེན་རྫོང་གི་གཞུང་བཙུགས་སྨན་ཁང(འཕྲོད་བསྟེན་ཁང)གི་ཕྱོགས་བསྡུས་སྒྱུར་བཅོས་ལས་ཀའི་ལག་བསྟར་ཇུས་གཞི》སོགས་ཡིག་ཆ་སྔ་རྗེས་སུ་བཏོན་ནས་ངེས་གནས་དང་། དོ་དམ། མི་དོན་ལམ་ལུགས། བགོ་བཤའི་ལམ་ལུགས། ཞབས་ཞུའི་ནུས་པ་བཅས་དང་དེ་བཞིན་སྨན་དང་སྨན་བཅོས་ལོགས་དབྱེ་སོགས་ཀྱི་ཐད་སྒྱུར་བཅོས་ཁ་ཕྱོགས་གསལ་པོ་བཟོས་ཐོག་གཞུང་བཙུགས་སྨན་ཁང་གི་སྒྱུར་བཅོས་ལ་བདེ་བླག་ངང་སྐུལ་འདེད་གཏོང་ཆེད་རྨང་གཞི་བཏིང་བ་རེད།

དུས་མཚམས་ཤིག་རིང་འཁོར་རྒྱུག་བྱས་པ་བརྒྱུད་སྟོད་ལུང་བདེ་ཆེན་རྫོང་གིས་བཟོས་པའི་སྨན་བཅོས་སྒྱུར་བཅོས་བྱེད་ཐབས་དང་ལམ་ལུགས་ཁག་8ལག་བསྟར་ནུས་ལྡན་ཐུབ་པ་རེད། སྨན་བཅོས་སྒྲིག་གཞིའི་ཡུན་རིང་གི་སྨན་ལ་བརྟེན་ནས་སྨན་ཁང་སྐྱོང་བའི་ལམ་སྲོལ་རྦད་དེ་འགྱུར་ལྡོག་བཏང་ནས་སྨན་རྫས་ཀྱི་རིན་ཁྱད་དེ་སྲིད་གཞུང་གིས་ཁ་གསབ་བྱ་རྒྱུ་དང་རྫོང་སྨན་ཁང་གི་རྨང་གཞིའི་སྒྲིག་བཀོད་དེ་རྫོང་སྲིད་གཞུང་གིས་མ་དངུལ་བཏང་ནས་འཛུགས་སྐྲུན་བྱས་པས་རྫོང་སྨན་ཁང་གིས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་ཞབས་ཞུ་བྱེད་པའི་ནུས་པ་མངོན་གསལ་དོད་པོས་གོང་མཐོར་ཕྱིན་པ་དང་། “ཕྱིར་སྐྱོད་པ་དང་ནང་དུ་གདན་དྲངས་པའི”བྱེད་ཐབས་སྤྱད་དེ་སྨན་བཅོས་རྐང་འཛིན་པ་ཁག་གཅིག་གསོ་སྦྱོང་བྱས་པ་དང་བོད་སྐྱོར་སྨན་པའི་བརྒྱུད་རོགས་ཁྲིད་གསུམ་གྱི་ནུས་པ་འདོན་སྤེལ་ཡག་པོ་ཐུབ་ཐོག་སྨན་དོན་མི་སྣའི་སྨན་བཅོས་ལག་རྩལ་མངོན་གསལ་དོད་པོས་གོང་མཐོར་ཕྱིན་པ་རེད། སྒྱུར་བཅོས་སྒོ་དབྱེ་མ་བྱས་གོང་དང་བསྡུར་ཚེ་རྫོང་སྨན་ཁང་གི་སྒོ་བསྟེན་དང་དོས་དྲག་སྨན་ཁང་དུ་སྨན་བཅོས་བྱེད་མཁན་ནད་པ་17%འཕར་བ་དང་། ནད་ཁང་དུ་སྡོད་ཚད་33%འཕར་བ། སྨན་ཁང་དུ་ཕྲུ་གུ་སྐྱེ་ཚད་50%ཟིན་པ། གཤག་བཅོས་བྱེད་ཐེངས284%འཕར་བ་བཅས་རེད།

ད་ཕན་ལོ་ཤས་རིང་སྟོད་ལུང་བདེ་ཆེན་རྫོང་གིས་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་མ་དངུལ་གཏོང་ཤུགས་རིམ་བཞིན་ཆེ་རུ་བཏང་ནས་སྨན་བཅོས་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་རྣམ་གྲངས་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱས་པ་རེད། 2014ལོར་སྨན་ཁང་དེས་མ་དངུལ་སྒོར་ཁྲི་2800བཏང་བའི་རྫོང་སྨན་ཁང་ཧྲིལ་པོ་གནས་སྤོས་ལས་དོན་ལེགས་སྒྲུབ་བྱས་པ་དང་རིམ་པ་དེའི་ནོར་སྲིད་ཀྱིས་དངུལ་སྒོར་ཁྲི་1100བཏང་ནས་རྫོང་སྨན་ཁང་ལ་སྒྲིག་བཀོད་དང་བོད་སྨན་སྒྲིག་ཆས་སོགས་སྨན་བཅོས་ཡོ་ཆས་ཉོས་པ་དང་། དངུལ་སྒོར་ཁྲི་78བཏང་ནས་སྨན་བཅོས་ཁོར་ཡུག་ལེགས་སུ་བཏང་བ། དངུལ་སྒོར་ཁྲི་240བཏང་ནས་ལག་བསྟར་བྱས་པའི་གློག་པར་ཚན་ཁག་ཨར་སྐྲུན་བྱེད་བཞིན་ཡོད་པ་རེད། འདི་ལོ་རྫོང་དེས་དངུལ་སྒོར་ཁྲི་1478བཏང་ནས་ཤང(གྲོང་རྡལ)5ཡི་འཕྲོད་བསྟེན་ཁང་འཛུགས་སྐྲུན་བྱས་ཏེ་ཤང(གྲོང་རྡལ)གི་ཚད་ལྡན་ཅན་གྱི་འཕྲོད་བསྟེན་ཁང་ཡོངས་ཁྱབ་ཐུབ་པ་བྱ་རྒྱུ་རེད། མིག་སྔར་རྫོང་དེར་ཀ་པ་རིམ་པ་དང་པོའི་སྨན་ཁང་1དང་། ཤང(གྲོང་རྡལ)གི་འཕྲོད་བསྟེན་ཁང་5 གྲོང་ཚོ་རིམ་པའི་སྨན་དོན་ཁང་28བཅས་ཡོད་པར་རྫོང་དེ་ཡོངས་ཀྱི་སྨན་བཅོས་འཕྲོད་བསྟེན་ཡོངས་ཁྱབ་ཐུབ་ཚད་100%ཟིན་པ་དང་རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་གསུམ་སྨན་བཅོས་ཀྱི་སྔོན་འགོག་འཕྲོད་སྦྱོར་དྲ་རྒྱ་གཞི་རྩའི་ཆ་ནས་འཐུས་ཚང་བྱུང་བ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།