སྣེའུ་ཁུལ་གསར། ལུང་ཁུག་གྲོང་ཚོ་ཆུང་ཆུང་ཞིག་ནས་ལྟེ་བའི་གྲོང་ཁུལ་བར་གྱི་འཕོ་འགྱུར།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-10-30 17:21:30

QQ截图20191030171946.png

འདི་ནི་སྣེའུ་ཁུལ་གསར་དུ་ཡོད་པའི་ལྷ་ས་གྲོང་ཁྱེར་མང་ཚོགས་རིག་གནས་ལུས་རྩལ་ལྟེ་གནས་ཡིན་པ།

2006ལོའི་ཟླ་7ཚེས་1ཉིན་མཚོ་བོད་ས་མཐོར་ལྕགས་ལམ་ཤར་གཏོང་ཐུབ་རྗེས་སྣེའུ་དེ་ཉིད་གསར་འགྱུར་འགོད་ཡུལ་གཙོ་བོ་ཞིག་ཏུ་གྱུར་ཞིང་།  མཚོ་བོད་ས་མཐོའི་མེ་འཁོར་བབས་ཚུགས་གལ་ཆེན་ཞིག་ཡིན་པའི་ལྷ་ས་མེ་འཁོར་བབས་ཚུགས་དེ་སྣེའུ་ཁུལ་གསར་དུ་གནས་པ་དང་།  དུས་ཐུང་ལོ་བཅུ་ལྷག་ཙམ་རིང་སྣེའུ་ཁུལ་གསར་དེ་དེ་སྔའི་ཐང་རྒོད་ཅིག་ནས་ད་ལྟའི་ལྷ་སའི་ལྟེ་བའི་གྲོང་ཁུལ་གྱི་ཡན་ལག་ཞིག་ཏུ་གྱུར་པ་དང་།  རྒྱ་ཆེ་བའི་ཨར་འདམ་གཞུང་ལམ་ཇེ་རིང་ནས་ཇེ་རིང་དང་དཀར་ཆ་དོད་པའི་ཐོག་བརྩེགས་ཁང་ཆེན་ཇེ་མང་ནས་ཇེ་མང་དུ་གྱུར་ཞིང་།  དར་རྒྱས་གོང་འཕེལ་གྱི་རྣམ་པ་ཞིག་ཀུན་གྱི་མཐོང་ཆོས་སུ་གྲུབ།

2007ལོའི་ཟླ་བཞི་པར་སྣེའུ་ཟམ་ཆེན་བསྐྲུན་ནས་ལྷ་སའི་གྲོང་ཁུལ་དང་མེ་འཁོར་བབས་ཚུགས་དབར་འབྲེལ་མཐུད་ཡག་པོ་བྱུང་བ་དང་དེའི་མི་རྣམས་ཀྱི་འཚོ་བའི་འཕེལ་རྒྱས་མྱུར་པོ་མིག་མཐོང་ལག་ཟིན་རེད།

ཉེ་བའི་ལོ་ཤས་རིང་ས་གནས་སྣེའུ་ཡི་འཕེལ་རྒྱས་སྐོར་གླེང་སྐབས་ས་སྐྱེས་རྡོ་སྐྱེས་ཡིན་པའི་ལོ་39ལ་སླེབས་པའི་བློ་བཟང་འཕྲིན་ལས་ཀྱིས་སྣེའུ་ཁུལ་གསར་ནས་ལྷ་སར་བསྐྱོད་སྐབས་སྣེའུ་ཟམ་ཆེན་ནས་བསྐྱོད་ཚེ་སྐར་མ་ཁ་ཤས་ལས་འགོར་གྱི་མི་འདུག  དངོས་གནས་སྟབས་བདེ་པོ་འདུག  དེ་སྔོན་ཟམ་ཆེན་མེད་སྐབས་མི་སེར་ཚོ་རྐང་འཁོར་བཞོན་པ་དང་ལག་སྐྱོར་འདྲུད་འཐེན་འཕྲུལ་འཁོར་བཏང་ནས་འགྲོ་དགོས་པས་ལྷ་ས་བར་ཆུ་ཚོད་གཉིས་འགོར་གྱི་ཡོད།  སྐབས་རེ་སྣེའུ་ས་ཤུར་ཤར་ངོས་ཀྱི་རི་ཆུང་དེད་ནས་གཙང་འགྲམ་དུ་ཡོང་སྟེ་རྐང་ཐང་མར་སྤྱི་ལེ་གཉིས་བསྐྱོད་རྗེས་ཀོ་གྲུ་བསྡད་དེ་ལྷ་སར་ཡོང་དགོས་ཀྱི་ཡོད་ཅེས་མྱོང་ཚོར་ཟབ་མོའི་ངང་བཤད།

མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་རྗེས་ལྷ་ས་གྲོང་ཁུལ་གྱི་གཞི་ཁྱོན་རྒྱ་ཆེར་བཏང་བ་དང་རང་སྐྱོང་ལྗོངས་སྲིད་གཞུང་གིས་སྣེའུ་ཤང་དུ་གྲོང་ཁུལ་གསར་པ་ཞིག་བཙུགས་ཏེ་ལྷ་སའི་ལྟེ་བའི་གྲོང་ཁུལ་གྱི་ཡན་ལག་ཞིག་ཏུ་བྱས་ནས་སྣེའུ་ཁུལ་གསར་གཏན་འཁེལ་བྱས།  སྣེའུ་གྲོང་ཚོ་དེ་གནས་ས་གལ་ཆེ་བ་དང་ཟོག་འགྲེམས་ཁུལ་ཆེན་དང་རྒྱལ་ཁབ་རིམ་པའི་གསར་སྤེལ་ཁུལ་དུ་གནས་པས་གཙོ་གནད་ས་ཁོངས་ནང་བཅུག་ཡོད།

“དེ་སྔོན་ང་ཚོ་ཚང་མ་ཞིང་པ་ཡིན།  ས་ཆ་བསྡུ་ལེན་བྱས་རྗེས་སྐྱེལ་འདྲེན་རླངས་འཁོར་དགོས་ཀྱི་འདུག་པས།  དེ་གོ་སྐབས་ཤིག་རེད་སྙམ་བྱུང”ཞེས་བློ་བཟང་འཕྲིན་ལས་ཀྱིས་བཤད།

གཅིག་སྡུད་དོ་དམ་བྱེད་བདེ་བའི་ཆེད།  གྲོང་ཚོ་ཨུ་ལྷན་གྱིས་སྣེའུ་སྐྱེལ་འདྲེན་རུ་ཁག་བཙུགས་པ་དང་།  བློ་བཟང་འཕྲིན་ལས་ཀྱིས་སྐྱེལ་འདྲེན་རུ་ཁག་གི་འགན་འཁུར་བ་བྱས།  བཅར་འདྲི་བྱེད་རིང་ཁོང་ལ་ཁ་པར་ཡང་ཡང་ཡོང་བ་དང་ལས་གྲྭའི་རླངས་འཁོར་མཐུན་སྦྱོར་དང་བཀོད་སྒྲིག་ཚང་མ་ཁོང་མི་གཅིག་གིས་བྱེད་ཀྱི་འདུག

“སྣེའུ་ཡི་ས་ཁོངས་ནང་ཆ་རྐྱེན་གཅིག་མཚུངས་ཡིན་ཚེ་སྔོན་ལ་ས་གནས་དེ་གའི་མི་སེར་གྱི་རླངས་འཁོར་ལ་ལས་ཀ་སྤྲོད་ཀྱི་ཡོད།  མིག་སྔར་རླངས་འཁོར་རུ་ཁག་ནང་ལྕགས་གཞོང་རླངས་འཁོར་364དང་། འདོན་འཇུག་འཕྲུལ་འཁོར་119  རྐོ་འདྲུའི་འཕྲུལ་འཁོར་78བཅས་ཡོད”ཅེས་བློ་བཟང་འཕྲིན་ལས་ཀྱིས་བཤད།  ཁོང་གིས་ལོ་ཤས་གོང་ཚོང་ཡག་པོ་ཡོད་དུས་རླངས་འཁོར་གཅིག་ལ་ལོ་རེར་ཡོང་འབབ་སྒོར་ཁྲི་20ཙམ་འདུག  འདི་ལོ་ཡོང་འབབ་སྒོར་ཁྲི་13ཙམ་ཡོང་བཟོ་འདུག་ཅེས་བཤད།

སྣེའུ་ཁུལ་གསར་དུ་ལོ་69ལ་སླེབས་པའི་སྤོ་བོ་བཀྲ་ཤིས་ལགས་ཀྱིས་རང་ཁྱིམ་གྱི་སྒོ་རའི་ནང་སྟོན་ཉི་སྲོ་བཞིན་ཡོད་པ་དང་།  ཁོང་གིས་གསར་འགོད་པར་དེ་སྔའི་གྲོང་ཚོའི་ནང་གི་ས་ཕག་སྡོད་ཁང་ཚང་མ་སྒྱུར་བཀོད་ཟིན་ནས་ཁྱིམ་ཚང་སྒོ་ར་རང་འགྲིག་རེ་བསྐྲུན་པ་དང་།  དུད་ཚང་ཚང་མར་གློག་ཆས་སྣ་ཚོགས་ཡོད་པས་གྲོང་མི་ཚོ་གྲོང་ཁྱེར་བའི་འཚོ་བ་སྐྱེལ་རྒྱུ་བྱུང་ནས་དངོས་གནས་སྐྱིད་པོ་འདུག་ཅེས་བཤད།

གསར་འགོད་པ་སྣེའུ་ཁུལ་གསར་གྱི་ལམ་བུའི་ཐོག་བསྐྱོད་སྐབས་སྣེའུ་ཁུལ་གསར་གྱིས་འཆར་འགོད་འཛུགས་སྐྲུན་དང་རྨང་གཞིའི་འཛུགས་སྐྲུན་ལས་གསར་པའི་ཉམས་གསལ་པོར་མངོན་ཡོང་བ་མཐོང་།  ནུས་པའི་ཁུལ་གྱི་འཆར་འགོད་ལུགས་མཐུན་དང་བྱང་ཕྱོགས་ཚོགས་པས་མེ་འཁོར་བབས་ཚུགས་ལ་བརྟེན་ནས་ཚོང་ལས་དངུལ་རྩ་ཁུལ་ཆགས་པ།  དབུས་ཕྱོགས་ཚོགས་པས་ཚན་སློབ་དང་རིག་གནས་ལ་གཞི་ཚུགས་ཏེ་ལྷ་ས་གྲོང་ཁྱེར་ལུས་རྩལ་ཐང་།  ལུས་རྩལ་ཁང་། གཡག་རྟེན་མཛོད་གླིང་བཅས་ལས་གྲོང་གསར་གྱི་རྣམ་པ་གསར་པ་རབ་ཏུ་མངོན་ཡོད།  ཁོར་ཡུག་སྲུང་སྐྱོང་ཐད་སྔོ་འགྱུར་དང་། ཁོར་ཡུག་འཕྲོད་བསྟེན།  བཙོག་ཆུ་གཙང་གསིང་བཅས་ལས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཡིན་པ་དང་བེད་མེད་ཐོན་ཁུངས་བསྐྱར་བཅོས་ལས་གྲོང་གསར་གྱི་རྣམ་པ་གསར་པ་རབ་ཏུ་མངོན་པ།  གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་ཐད་སྲིད་འཛིན་ཁུལ་གྲོང་ཁྱེར་ནང་མཉམ་འདྲེས་ཐུབ་པ་མ་ཟད།  ཞིང་འབྲོག་པའི་ཐོན་སྐྱེད་དང་འཚོ་བ་དེའི་ཁྲོད་མཉམ་འདྲེས་ཐུབ་ནས་དེ་བས་དྲང་སྙོམས་ཀྱི་སྤྱི་ཚོགས་ཀྱི་སྤྱི་པའི་ཞབས་ཞུ་ལོངས་སྤྱོད་ཐུབ་ཡོད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།