སྤོས་ཀྱི་དྲི་ཞིམ་མངར་སིལ་སིལ། ཕྱུག་འགྱུར་ལམ་དུ་དགའ་ལྷང་ལྷང་། པར་

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2018-12-28 12:07:21

རིགས་སྣ་ཕུན་སུམ་ཚོགས་པའི་སྙེ་མོའི་སྤོས།

ཤར་ཕྱོགས་ལྷུན་པོའི་སྤོ་ནས་རྟ་བདུན་དབང་པོའི་འོད་ཟེར་རིམ་གྱིས་ས་གཞིར་ཡོངས་སུ་འཕྲོས་པའི་སྐབས་སུ་བདག་ཁྱིམ་གྱི་ལོ་ངོ་བཞི་བཅུ་ཞེས་པའི་གསར་འགོད་པའི་ཚོགས་ཆུང་ལྷ་ས་ནས་ཐོན་ཏེ།  བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་མང་པོའི་ཕ་སར་གྲགས་པའི་སྙེ་མོ་རྫོང་གི་ཕྱོགས་སུ་བཅར་འདྲིར་བསྐྱོད།  སྟོན་མཇུག་གི་ལོ་མ་སེར་པོ་ལམ་འགྲམ་དུ་ཟགས་ཤིང་།  སྙེ་མོ་རྫོང་ནི་ལྷ་ས་དང་གཞིས་རྩེའི་ས་མཚམས་སུ་གནས་པ་དང་བོད་རང་སྐྱོང་ལྗོངས་ཀྱི་ནུབ་བྱང་ངོས་སུ་གནས།  ཀུན་གྱིས་མཁྱེན་གསལ་ལྟར། སྙེ་མོ་རྫོང་ནི་བོད་སྤོས་ཀྱི་ཐོན་ཁུངས་གཙོ་བོ་ཡིན་སྟབས།  སྙེ་མོའི་ཐོན་པ་ཤང་དུ་སླེབས་མ་ཐག་བོད་སྤོས་ཀྱི་ཚོང་ཁང་དང་། མཉམ་ལས་ཁང་།  ཀུང་སི་ཇི་སྙེད་ཅིག་བཙུགས་ཡོད་པ་མཐོང་ཐུབ།  སྙེ་མོའི་རྩེར་སོན་གྱི་ལག་ཤེས་བཟོ་རྩལ་གསུམ་གྱི་ཡ་གྱལ་བོད་སྤོས་དེ་ད་ཆ་སྙེ་མོའི་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་གཙོ་བོའི་གྲས་ཤིག་ཏུ་གྱུར་ཡོད་པ་རེད།

སྙེ་མོ་རྫོང་གི་སྤོས་བཟོ་སྟངས་ལ་ལོ་ངོ་ཆིག་སྟོང་ལྷག་གི་ལོ་རྒྱུས་ལྡན་ཞིང་།  ཤོད་སྲོལ་དུ།  སྙེ་མོའི་སྤོས་ནི་ཐོན་མི་སམ་བྷོ་ཊས་རྒྱ་བཟའ་འུན་ཤིང་ཀོང་ཇོས་ནང་ས་ནས་དྲངས་པའི་སྤོས་བཟོའི་ལག་རྩལ་དང་ཟུང་འབྲེལ་བྱས་ཏེ།  ཐུན་མོང་མ་ཡིན་པའི་བོད་སྤོས་བཟོ་སྟངས་ཤིག་གསར་གཏོད་བྱས་པའི་ངག་རྒྱུན་ཡོད་པ་རེད།  དེ་ཡང་བོད་སྤོས་བཟོ་རྩལ་དེ་ཉིད་ལོ་ངོ་ཆིག་སྟོང་ལྷག་རིང་གི་རྒྱུན་འཛིན་དང་གསར་གཏོད་བརྒྱུད་ད་ཆ་སྤོས་སྣ་ཁ་བཅུ་གྲངས་བཟོ་ཐུབ་པ་མ་ཟད།  སྤྱོད་ཡུལ་ཁྱབ་ཆེ་ཞིང་ཕན་ནུས་ཆེན་པོ་ཡོད།  སྙེ་མོའི་སྤོས་ཀྱི་རྒྱུ་ཆ་སྡེབ་སྟངས་ལ་དོ་སྣང་ཆེན་པོ་བྱེད་དགོས་ལ་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་པའི་ཁྱད་འཕགས་ཀྱི་སྤོས་སྨན་སྦྱོར་སྟངས་ཀྱང་ཡོད་ཅིང་།  རྒྱུན་སྤྱོད་སྤོས་སྨན་གྱི་གྲས་སུ་ལི་ཤི་དང་། སྤང་སྤོས། ག་བུར།  གོ་དཀར་ནག་སོགས་སྨན་རིགས་སུམ་ཅུ་ལྷག་ལྡན། བོད་སྤོས་ཀྱི་སྤྱོད་གོའི་ཐད་ནས་བཤད་ན།  མཆོད་འབུལ་བྱེད་སྒོར་སྤྱོད་པ་ཕུད། དྲི་ངན་སེལ་ཐུབ་པ།  ཆམ་ནད་དང་འགོ་ནད་སོགས་ཀྱི་ནད་ཡམས་སྔོན་འགོག་ཐུབ་པ་མ་ཟད།  རླུང་བདུག་སྤོས་ལ་སྙིང་རླུང་འཇགས་པའི་ནུས་པའང་ལྡན་ཏེ། ཉེ་ལམ་ལོ་ཤས་རིང་།  རྩ་ཆེའི་རིག་གནས་ཤུལ་བཞག་འདི་སྲུང་སྐྱོབ་དང་རྒྱུན་འཛིན།  ལྷག་དོན་དུ་མང་ཚོགས་དབུལ་པོའི་གནས་ལས་སྒྲོལ་ཐུབ་པ་བྱ་ཆེད།  སྙེ་མོ་རྫོང་ཏང་ཨུད་དང་སྲིད་གཞུང་གིས་མ་དངུལ་འབོར་ཆེན་བཏང་སྟེ།  ཐོན་པའི་གྲོག་རོང་སོགས་ས་ཆ་ཁག་ཏུ་ཤུག་པའི་རྟེན་གཞི་དང་རང་བྱུང་སྲུང་སྐྱོབ་ཁུལ་བཙུགས་པ་མ་ཟད།  ཚོང་རྟགས་ཀྱང་རེ་ཞུ་བྱས་ཏེ་དྲ་ཐོག་ཏུ་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ་སོགས་ཀྱི་བྱ་ཐབས་སྣ་ཚོགས་སྤྱད་དེ་བོད་སྤོས་ཐོན་ལས་སྐྱོན་བྲལ་ངང་འཕེལ་རྒྱས་བཏང་བ་རེད།

ང་ཚོ་བཅར་འདྲི་ཚོགས་ཆུང་ཐོན་པ་གྲོང་རྡལ་དུ་འབྱོར་སྐབས་བོད་སྤོས་ཀྱི་ཚོང་ཁང་དང་།  མཉམ་ལས་ཁང་། ཀུང་སི་བཅས་མིག་ལམ་དུ་ཁྲ་ཆིལ་ལེར་མངོན་དུས།  ཐོན་པ་ཤང་ནི་བོད་སྤོས་ཀྱི་བཟོ་གྲྭ་ཆེན་པོ་ཞིག་ཡིན་པའི་སྣང་བ་ངམ་ངམ་ཤུགས་ཀྱིས་འཆར།  གྲོང་མི་དང་འཛད་སྤྱོད་པ་དག་ལ་བཅར་འདྲི་དང་གླེང་མོལ་བྱས་རྗེས།  སྤོས་བཟོའི་ལག་རྩལ་ཡང་ཚད་ངེས་ཅན་ཞིག་ཏུ་སླེབས་ཡོད་པ་ཤེས་རྟོགས་བྱུང་།  ང་ཚོས་ཐོན་པ་ཤང་གི་ཅུང་མིང་གྲགས་ལྡན་པའི་རྒྱུན་འཛིན་པ་ཞིག་རྩད་གཅོད་བྱས་ནས་བོད་སྤོས་བཟོ་རྩལ་ཐད་ལ་རྒྱུས་མངའ་སྔར་བས་ཟབ་པ་ཞིག་ལེན་འདོད་བྱུང་བས།  རྒྱལ་ཁབ་རིམ་པ་དང་རང་སྐྱོང་ལྗོངས་རིམ་པའི་རྒྱུན་འཛིན་པ་གཉིས་ཡོད་པ་ཤེས་རྟོགས་བྱུང་བ་དང་།  རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་ཁོང་སྐུ་ན་བགྲེས་ཤིང་གཟུགས་གཞི་ཐང་པོ་མེད་སྟབས།  ང་ཚོའི་བཅར་འདྲི་དང་ལེན་བྱེད་མ་ཐུབ་པས་ང་ཚོར་ཕངས་སེམས་ཚད་མེད་སྐྱེས་ཀྱང་བྱ་ཐབས་བྲལ།  ཡིན་ནའང་།  དགའ་འོས་པ་ཞིག་ལ་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་ཞིག་ཁྱིམ་དུ་བཞུགས་ཡོད་པ་ཐོས་རྗེས།  ང་ཚོས་དེ་མ་ཐག་ཁོང་གི་ཁྱིམ་དུ་བསྐྱོད་པ་ཡིན།

བོད་སྤོས་བཟོ་རྩལ་རྒྱུན་འཛིན་པ་དོན་གྲུབ་ཀྱི་བཀའ་མོལ།

ང་ཚོ་སྙེ་མོ་རྫོང་ཐོན་པ་ཤང་སྲིད་གཞུང་གིས་སྤྲད་པའི་སྤོས་བཟོའི་ཆེད་ལས་ཁྱིམ་ཚང་ཞེས་པའི་སྒོ་བྱང་བཀལ་པའི་ཁྱིམ་ཚང་ཞིག་གི་སྒོ་འགྲམ་དུ་སླེབས་པ་དང་།  ཁྱིམ་དུ་འཛུལ་མ་ཐག་དགུང་ལོ་དྲུག་ཅུ་ཙམ་ལ་སླེབས་པའི་བགྲེས་སོང་ཞིག་སྤོས་ཐུམ་སྒྲིལ་རྒྱག་བཞིན་འདུག  ཁོང་གི་མིང་ལ་དོན་གྲུབ་ཟེར་བ་དང་།  2008ལོར་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པར་བདམས།  རྒྱུན་འཛིན་པ་ཁོང་ནི་ཁྱིམ་རྒྱུད་དེའི་བོད་སྤོས་ལག་རྩལ་གྱི་རྒྱུན་འཛིན་པ་མི་རབས་བཞི་པ་དེ་ཡིན་པ་དང་།  ཁོང་1958ལོར་སྐྱེས་ཤིང་།  ཆུང་དུས་སུ་དམངས་བཙུགས་སློབ་གྲྭ་འགྲིམས་ནས་ཡིག་རྨོངས་ཀྱི་མུན་པ་ལས་ཐར་ཏེ་བོད་ཡིག་རང་མགོ་ཐོན་ཙམ་བྱུང་།  1970ལོར་ཁོང་གིས་སློབ་གྲྭར་སྐྱོད་མཚམས་བཞག་སྟེ་སྐབས་དེའི་མི་དམངས་ཀུང་ཧྲེའི་ལས་ཀར་ཞུགས་ནས་སྐར་མ་གསོག་འགོ་ཚུགས།  ཆུང་དུས་ནས་སློབ་གྲྭར་སྐྱོད་མྱོང་བའི་དབང་གིས་1973ལོར་ཁོང་སྙེ་མོ་རྫོང་ཐོན་པ་ཤང་གི་རྒྱང་བསྒྲགས་ས་ཚིགས་སུ་རྒྱང་བསྒྲགས་ཤོད་མཁན་དུ་བདམས་ནས་རྫོང་དུ་སློབ་སྦྱོང་ལོ་གཅིག་བྱས་པ་དང་།  དེ་ནས་ལོ་ལྔའི་རིང་རྒྱང་བསྒྲགས་ཤོད་མཁན་གྱི་ལས་འགན་དང་དུ་བླངས།  རྒྱུན་འཛིན་པ་དོན་གྲུབ་ལ་ཆུང་དུས་ནས་དཀའ་སྡུག་གི་འཚོ་བ་ཇི་སྙེད་ཅིག་འཕྲད་མྱོང་བ་དང་།  རྒྱང་བསྒྲགས་ཤོད་མཁན་དང་གྲོང་ཚོའི་དྲུང་ཡིག་སོགས་ལས་གནས་མང་པོ་ཞིག་དང་དུ་བླངས་ནས་རང་གི་ཕྲག་ཏུ་བབས་པའི་ལས་ཀ་དག་འཆུགས་པ་མེད་པར་བསྒྲུབས།  སྤོས་ནི་ཁོང་གི་མི་ཚེའི་ནང་བརླག་ཏུ་མི་རུང་བའི་ནོར་བུ་ཞིག་ཡིན་ལ།  ཕ་མེས་ཡང་མེས་ནས་རྒྱུན་འཛིན་བྱས་ནས་ཡོང་བ་ཞིག་རེད།  ལོ་རབས་དྲུག་ཅུ་པའི་ནང་ལ་ཆ་བཞག་ན་སྐབས་དེ་དུས་སྤོས་ཁོ་ན་བཟོས་ནས་སྡོད་པའི་ཁོམ་པ་མེད་མོད།  རང་ཉིད་ལས་བྲེལ་ཇི་འདྲ་ཆེ་་རུང་ཁོམ་པ་བྱུང་སྐབས་སྤོ་བོའི་འཁྲིས་སུ་སྤོས་བཟོའི་ལག་ཤེས་སྦྱོང་གི་ཡོད།  ཁོང་གི་བསམ་པར་སྤོས་བཟོའི་ལག་ཤེས་ནི་མེས་པོས་བཞག་པའི་རིག་གནས་ཤུལ་བཞག་རྩ་ཆེན་ཞིག་ཡིན་སྟབས།  ལག་ཤེས་དེའི་རྒྱུན་དེ་ལྟར་ཆད་ན་ག་ལ་འགྲིག་སྙམ།  ཁོང་ལ་ཆུང་དུས་ནས་སྤོས་བཟོའི་ལག་རྩལ་སྦྱོང་འདོད་ཀྱི་ཀུན་སློང་བཟང་པོ་ཞིག་ཡོད་པ་ནི།  ད་ལྟ་ལོ་ན་རྒས་དུས་རྒྱུན་འཛིན་པ་ཞིག་ཏུ་གྱུར་བའི་སྔ་ལྟས་ཡིན་པ་གོར་མ་ཆག

1978ལོར་སྒྱུར་བཅོས་སྒོ་དབྱེ་བྱས་པ་དང་བསྟུན་ནས་ལུག་རྫི་བྱེད་བཞིན་པའི་སྤོ་བོར་སྤོས་བཟོ་རོགས་བྱས་ཏེ་ལག་ཤེས་དཔྱིས་ཕྱིན་པ་ཞིག་སྦྱོང་འགོ་ཚུགས་པ་རེད།  ཁོང་གིས་ཁྲོམ་རའི་དཔལ་འབྱོར་གྱི་འགྲན་རྩོད་ཀློང་དུ་རང་ཉིད་ཀྱིས་བཟོས་པའི་ཐོན་རྫས་དག་ཁྲོམ་རའི་དགོས་མཁོ་དང་བསྟུན་ནས་སྙེ་མོ་རྫོང་དང་ལྷ་ས་སོགས་སུ་བཙོངས་ནས་འཚོ་བའི་ཡོང་འབབ་བསགས།  ཁོང་གིས་རང་ཉིད་ཀྱིས་བཟོས་པའི་སྤོས་ལ་འཛད་སྤྱོད་པས་གདེང་འཇོག་ཡག་པོ་ཐོབ་སྟེ་མི་མང་པོ་སྒོ་འགྲམ་དུ་སྤོས་ཉོ་བར་ཡོང་གི་ཡོད་ཅེས་དགའ་ཚོར་དང་བཅས་བརྗོད།  ད་ཆ་དཔལ་འབྱོར་གོང་འཕེལ་དང་ཆ་འཕྲིན་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས།  ཁོང་གིས་དྲ་ཐོག་དང་སྐད་འཕྲིན་སོགས་ཀྱི་ཐབས་ལམ་སྤྱད་དེ་སྤོས་ཕྱིར་འཚོང་བྱེད་ཀྱི་ཡོད་པ་མ་ཟད།  རྒྱུ་གཙང་སྤུས་དག་གི་བོད་སྤོས་ཐོན་རྫས་དེ་དག་ལྗོངས་ནང་ཁུལ་ཙམ་མ་ཟད། ཀན་སུའུ་དང་།  ཀོང་ཀྲོའུ། ཧྲང་ཧའེ་སོགས་རྒྱལ་ནང་དུ་འགྲེམས་ཚོང་བྱེད་འགོ་ཚུགས་ཤིང་།  ལོ་རེར་སྤོས་བཙོངས་པའི་ཡོང་འབབ་སྒོར་ཁྲི་6ཙམ་ཟིན་གྱི་ཡོད་པ་རེད།

གསར་འགོད་པས་འབྱུང་འགྱུར་ལ་ལག་ཤེས་བཟོ་རྩལ་རྒྱུན་འཛིན་དང་སྲུང་སྐྱོང་ཇི་ལྟར་བྱེད་པའི་སྐོར་ལ་བཀའ་འདྲི་ཞུ་སྐབས།  ཁོང་གིས་ད་ཆ་རང་ཉིད་ལ་ཕྲུ་གུ་གཉིས་ཡོད།  རྒན་པ་ནི་སློབ་གྲྭ་ཆེ་མོ་ནས་ཐོན་ཏེ་ནག་ཆུ་གྲོང་ཁྱེར་མཐོ་རིམ་གཉིས་པའི་དགེ་རྒན་ཡིན་པ་དང་།  གཞོན་པ་ནི་ད་ལྟ་བོད་ལྗོངས་སློབ་ཆེན་དུ་ཡོད། དབྱར་གསེང་དང་དགུན་གསེང་རིང་།  ཕྲུ་གུ་གཞོན་པ་ཁྱིམ་དུ་སྡོད་རིང་སྤོས་བཟོའི་ལག་ཤེས་སྦྱོང་གི་ཡོད་ལ།  ད་དུང་གྲོང་ཚོ་དང་མཐའ་འཁོར་གྱི་དུད་ཚང་དབུལ་པོའི་མི་17ལྷག་ཙམ་ལའང་སྦ་གསང་མེད་པའི་སྒོ་ནས་སྤོས་བཟོ་སྟངས་བསླབས་ནས་རོགས་རམ་བྱེད་ཀྱི་ཡོད།  དེ་མིན་ནང་ས་དང་བོད་ནང་ཁུལ་གྱི་མཐོ་སློབ་སློབ་ཐོན་སློབ་མའི་དཔྱད་རྩོམ་གྱི་དཔྱད་གཞི་ངའི་སར་བློ་འདྲི་བྱེད་པར་ཡོང་སྐབས་ངས་སྨན་སྦྱོར་དང་འདེབས་སྟངས་སོགས་ཇི་མ་ཇི་བཞིན་དུ་ཁོང་ཚོར་ངོ་སྤྲོད་བྱས་ཏེ།  མི་རབས་གསར་པ་དེ་བས་མང་བས་སྤོས་བཟོའི་ལག་རྩལ་ལ་རྒྱུས་མངའ་ཡོང་བའི་རེ་བ་བྱེད་ཀྱི་ཡོད་ཅེས་བརྗོད་ཀྱི་འདུག

བོད་སྤོས་བཟོས་ནས་དབུལ་སྒྲོལ་ཡོང་ཐབས་བྱས་པ།

སྙེ་མོ་རྫོང་དུ་རང་གི་ལག་ཤེས་བཟོ་རྩལ་ལ་བརྟེན་ནས་དབུལ་ཞྭ་འབུད་མཁན་མང་པོ་ཡོད་པ་དང་།  བགྲེས་སོང་དོན་གྲུབ་ལྟ་བུའི་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་མིན་པའང་མང་པོ་ཡོད།  དེ་ནས་ངེད་ཚོ་བཅར་འདྲི་ཚོགས་ཆུང་གིས་མུ་མཐུད་སྙེ་མོ་རྫོང་གི་ཕྱོགས་སུ་བསྐྱོད་དེ་སྤོས་ལ་བརྟེན་ནས་ཕྱུག་འགྱུར་བྱུང་བའི་དུད་ཚང་གཞན་ཞིག་ཏུ་བཅར་འདྲི་ཐེངས་གཉིས་པ་ཞུས།  དེའང་སྙེ་མོ་རྫོང་ནས་མུ་མཐུད་ནུབ་ཏུ་བསྐྱོད་ཚེ་ཁོད་སྙོམས་པའི་ཨར་འདམ་གྱི་ལམ་བུ་ཐར་པ་གྲོང་ཚོའི་རྡོ་ཟམ་གྲོང་ཚོའི་དུད་ཚང་རེ་རེའི་སྒོ་འགྲམ་དུ་བཏིངས་པས་དེང་གི་གྲོང་གསེབ་གསར་པའི་ཉམས་སྣང་ལྷག་པར་དོད།  ང་ཚོ་སྨི་ངོས་གྲུ་ཉིས་བརྒྱ་ལྷག་ཙམ་ཟིན་པའི་ཐོག་སོ་ཉིས་ཐོག་གི་དུད་ཚང་ཞིག་གི་སྒོ་འགྲམ་དུ་སླེབས་སྐབས།  སྤོས་སྨན་གྱི་དྲི་བསུང་གང་སར་འཐུལ་ཡོང་བས། ཁྱིམ་ཚང་དེའི་སྒོ་བརྡུངས་པ་དང་།  བུད་མེད་ལོ་སོ་ལྔ་ཡས་མས་ཤིག་གིས་སྒོ་ཕྱེ་མ་ཐག་ང་ཚོའི་དྲི་འཛིན་དབང་པོར་སྤོས་དྲི་ལྷང་ལྷང་འཐུལ་བྱུང་།  སྒོ་རའི་ནང་དུ་སྐྱེས་པ་ཤིག་གིས་མཛུབ་ཤུགས་ལ་བརྟེན་ནས་སྤོས་རྭ་ལས་སྤོས་བཙིར་བཞིན་པ་མཐོང་བྱུང་།  བུད་མེད་དེས་ཁྱེད་ཚོ་སྤོས་ཉོ་བར་ཡོང་བ་ཡིན་ནམ་ཞེས་ང་ཚོར་དྲིས་བྱུང་བས།  ང་ཚོས་དགའ་ཚོར་ཆེན་པོས་རང་ཉིད་ངོ་སྤྲོད་རགས་ཙམ་བྱས་པ་དང་ཁོང་གཉིས་ལ་བཅར་འདྲི་དང་ལེན་གནང་རྒྱུའི་རེ་འདུན་ཞུས་པས།  ཁོང་གཉིས་ཀྱིས་སྤྲོ་སྣང་ལྡན་པའི་ངང་ང་ཚོའི་བཅར་འདྲིར་དང་ལེན་བྱས།  སྐྱེས་པ་དེའི་མིང་ལ་ལྷུན་གྲུབ་ཟེར་བ་དང་བཟའ་ཟླའི་མིང་ལ་བསོད་ནམས་ཆོས་སྒྲོན་ཟེར་ཞིང་།  སྟོན་ལས་ཀྱི་ཞོར་དུ་ལྷུན་གྲུབ་ཀྱིས་འཛད་སྤྱོད་པས་མངགས་ཉོ་བྱས་པའི་སྤོས་བཟོ་བཞིན་པ་དང་བཟའ་ཟླ་བསོད་ནམས་ཆོས་སྒྲོན་གྱིས་སྤོས་ཐུམ་སྒྲིལ་རྒྱག་བཞིན་ཡོད་པ་རེད།  བཟའ་ཟླ་གཉིས་པོས་གཡས་གཞོགས་གཡོན་འདེགས་བྱས་ནས་རང་གི་ལག་གཉིས་ལ་བརྟེན་ནས་བོད་སྤོས་བཟོ་རྩལ་རྒྱུན་འཛིན་དང་དཔལ་འབྱོར་ཡོང་འབབ་འཕར་ཐབས་བྱེད་པ་མཐོང་དུས་དེ་ནི་མི་སྨོན་རང་སྐྱིད་ཀྱི་འཚོ་བ་ཞིག་ལོས་ཡིན།  བགྲོ་གླེང་བྱས་ཏེ་ཤེས་རྟོགས་བྱུང་བར།  སྔོན་ཆད་ཁོང་གཉིས་ནི་དབུལ་པོའི་དུད་ཚང་གི་གྲས་ཡིན་པ་སྟེ།  དེའང་ལྷུན་གྲུབ་ནི་སྙེ་མོ་རྫོང་ཐོན་པ་ཤང་གི་མི་ཡིན་ཞིང་།  ཆུང་དུས་ཁྱིམ་དུ་གཅེན་གཅུང་དྲུག་ཡོད་པས་འཚོ་བའི་འཁོས་ཀ་ཞན་པོ་ཡོད།  ལོ་བཅུ་དགུར་སླེབས་སྐབས་ཐར་པ་ཤང་རྡོ་ཟམ་གྲོང་ཚོར་མག་པར་ཡོང་བ་དང་།  སྐབས་དེ་དུས་ཁོང་བཟའ་ཟླ་གཉིས་ལ་ཀ་གཅིག་ཅན་གྱི་ས་ཁང་ཞིག་ལས་མེད།  འཚོ་བའི་ཆེད་དུ་ལྷུན་གྲུབ་ཀྱིས་སྤོས་བཟོ་གྲྭའི་ནང་གླ་པ་རྒྱུག་པར་སོང་བ་དང་ཆབས་ཅིག་གྲོགས་པོའི་གམ་ནས་སྤོས་བཟོ་སྟངས་སྦྱངས་པ་རེད།  དེས་མ་ཚད་དགུན་དུས་སུ་ལྷ་ས་དང་ནག་ཆུ་སོགས་སུ་རླུང་དར་ཚོང་ལས་དང་ཨར་ལས་ལའང་བསྐྱོད་མྱོང་བས་ཁོང་གི་དཀའ་སྤྱད་འབད་འཐབ་ཀྱི་རྐང་རྗེས་གང་སར་བཞག་ཡོད་པ་རེད།

2005ལོར།  གྲོང་ཚོ་ཨུ་ལྷན་གྱིས་ཁོང་བཟའ་ཟླ་གཉིས་ཀྱི་སྤོས་བཟོའི་ལག་རྩལ་དེ་དབུལ་སྐྱོར་གྱི་རྣམ་གྲངས་ནང་དུ་བཅུག་པ་དང་།  2016ལོར་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་རྣམ་གྲངས་ནང་བདམས་རུང་།  ཁོང་གིས་རང་ཉིད་ཀྱིས་སྦྱངས་པའི་སྤོས་བཟོའི་ལག་ཤེས་ལ་བརྟེན་ནས་རྡོ་ཟམ་གྲོང་ཚོ་རུ་ད་ཆའི་སྨི་ངོས་གྲུ་200ལྷག་ཟིན་པའི་ཐོག་སོ་ཉིས་ཐོག་གི་རྡོ་ཁང་བསྐྲུན་པ་མ་ཟད།  སྤོས་བཟོའི་ལག་རྩལ་གཙོ་བོར་བརྟེན་ནས་ལྟོ་གོས་ལ་འགྱུར་ལྡོག་གཏོང་རྒྱུར་འབད་བརྩོན་ལྷོད་མེད་བྱས་པར་བརྟེན།  ད་ཆ་ལྷུན་གྲུབ་ནི་གྲོང་ཚོ་དེའི་ཕྱུག་འགྱུར་སྣེ་ཁྲིད་པ་ཞིག་ཏུ་གྱུར་ཡོད་པ་རེད།

ང་ཚོས་གྲོང་ཚོའི་བཅའ་སྡོད་རུ་ཁག་གི་ལས་བྱེད་མི་སྣ་བཙལ་ནས་ལྷུན་གྲུབ་ཀྱི་སྐོར་འདྲི་སྐབས།  ཐར་པ་གྲོང་རྡལ་རྡོ་ཟམ་གྲོང་ཚོར་བཅའ་སྡོད་སྙེ་མོ་རྫོང་དྲིལ་བསྒྲགས་པུའི་ལས་དོན་རུ་ཁག་གི་ལས་དོན་མི་སྣ་ཆོས་འཛོམས་ཀྱིས།  ལྷུན་གྲུབ་ཀྱིས་རང་ཉིད་ཀྱི་སྤོས་ཐོན་ལས་ཡོང་འབབ་ལས་གྲོང་ཚོར་ལོ་རེ་ཁེ་སྤོགས་སྒོར་ཁྲི་1.6བགོ་ཡི་ཡོད་པ་མ་ཟད།  ད་དུང་དུད་ཚང་དབུལ་པོའི་མི་གཉིས་ལ་ལས་ཞུགས་མཁོ་འདོན་བྱས་ནས་ཉིན་རེར་གླ་ཆ་སྒོར་150སྤྲོད་ཀྱི་ཡོད་པ་དང་དེ་བཞིན་སྤོས་བཟོ་རིང་གི་ལྟོ་ཆས་འགན་ལེན་བྱེད་ཀྱི་ཡོད་ཅེས་ངོ་སྤྲོད་བྱས་བྱུང་།

ལྷུན་གྲུབ་ཀྱིས་རྒྱབ་ཁབ་ཀྱི་རོགས་སྐྱོར་ཁོ་ནར་མ་བརྟེན་པར་རང་མགོ་རང་ཐོན་བྱས་ཏེ།  མ་ཎི་མཆོད་སྤྲིན་ཞེས་པའི་སྤོས་ཀྱི་ཚོང་རྟགས་བཏོད་དེ་ཕྱུག་པོའི་ལམ་དུ་བསྐྱོད་ཅིང་།  ད་ཆ་ཁོང་ཡུལ་གཞན་དུ་སྤོས་འཚོང་བར་འགྲོ་མི་དགོས་པར་འཛད་སྤྱོད་པ་དང་། ཁེ་ལས།  ཀུང་སི་བཅས་རང་ཁྱིམ་གྱི་སྒོ་འགྲམ་དུ་ཉོ་བར་ཡོང་གི་ཡོད་ལ། ལྷ་ས་དང་། མངའ་རིས།  ནག་ཆུ་བཅས་ཀྱི་འཛད་སྤྱོད་པས་སྒོར་ཁྲི་གཅིག་གཉིས་ཀྱི་སྤོས་མངགས་ཉོ་བྱེད་ཀྱི་ཡོད།  ཁོང་གི་བོད་སྤོས་མ་ཎི་མཆོད་སྤྲིན་རྟགས་ཅན་གྱི་སྤུས་ཚད་ལའང་འཛད་སྤྱོད་པའི་གདེང་འཇོག་དང་བསྔགས་བརྗོད་ཚད་མེད་ཐོབ་ཡོད་པ་རེད།

2017ལོའི་ཟླ་9པར།  སྙེ་མོ་རྫོང་ཨུད་དང་སྲིད་གཞུང་གིས་ཁོང་བཟའ་ཚོ་གཉིས་སྙེ་མོ་རྫོང་གི་2017ལོའི་དཀའ་སྤྱད་ཕྱུག་འགྱུར་གྱི་སྔོན་ཐོན་དཔེ་སྟོན་མི་སྣར་བདམས་པ་དང་།  2018ལོའི་ཟླ་7པར།  སླར་ཡང་ལྷ་ས་གྲོང་ཨུད་དང་སྲིད་གཞུང་གིས་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་ལས་དོན་ནང་ལས་བརྩོན་ཕྱུག་འགྱུར་གྱི་སྔོན་ཐོན་མི་སྒེར་ལ་བདམས་ཡོད་པ་རེད།  ང་ཚོ་བཅར་འདྲི་ཚོགས་ཆུང་གིས་སྙེ་མོའི་སྤོས་བཟོའི་ཁྱིམ་ཚང་གཉིས་ལ་བཅར་འདྲི་ཞུས་པ་བརྒྱུད།  ཁྱིམ་ཚང་དེ་གཉིས་ཙམ་མ་ཟད།  དེ་བས་མང་བའི་ཁྱིམ་ཚང་གིས་ལག་རྩལ་དེ་ལ་བརྟེན་ནས་སྤུས་རྟགས་གཏོད་ཅིང་།  ལག་རྩལ་དེ་ལ་བརྟེན་ནས་ལྗོངས་ཕྱི་ནང་གི་འཛད་སྤྱོད་པའི་དགོས་འདུན་སྐོང་ཞོར།  ཁྲོམ་རའི་ཐོག་སྔར་བས་རྐང་པ་བརྟན་པོ་བཙུགས་ཏེ་འབྱོར་ཕྱུག་གི་ལམ་དུ་ཆས་བཞིན་ཡོད་པ་ཤེས་བྱུང་།

འདི་ནི་དགུང་ལོ་དྲུག་ཅུ་ཙམ་ལ་ཕེབས་པའི་བགྲེས་སོང་དོན་གྲུབ་ཀྱིས་སྤོས་ཐུམ་སྒྲིལ་རྒྱག་བཞིན་པ།

སྙེ་མོ་རྫོང་ཐོན་པ་ཤང་ནི་བོད་སྤོས་ཀྱི་ཐོན་ཁུངས་གཙོ་བོ་ཞིག་ཡིན་པ་དང་།  དེ་གར་བོད་སྤོས་ལ་བརྟེན་ནས་ཕྱུག་འགྱུར་གྱི་ལམ་དུ་སྐྱོད་མཁན་མི་ཉུང་བ་ཞིག་ཡོད་ལ།  སྲིད་གཞུང་གིས་ཆེད་མངགས་སྤོས་བཟོའི་ཆེད་ལས་ཁྱིམ་ཚང་གི་སྒོ་བྱང་བཀལ་བའི་ཁྱིམ་ཚང་ཡང་མི་ཉུང་བ་ཞིག་ཡོད།  འདི་ནི་སྙེ་མོ་རྫོང་ཐོན་པ་ཤང་གི་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་དོན་གྲུབ་ཀྱི་ཁྱིམ་ཚང་ཡིན་པ།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།