སྨར་ཁམས་རྫོང་གིས་བདེ་འཇགས་ཐོན་སྐྱེད་ཐད་ཀྱི་ཞིབ་བཤེར་ཆེ་མོ་བྱས་པ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2015-08-26 10:30:19

ཟས་རིགས་གཉེར་སྐྱོང་བྱ་སྤྱོད་དང་ཟས་རིགས་གཉེར་སྐྱོང་བས་སྤུས་ཚད་འགན་ལེན་དུས་ཚད་སླེབས་ཉེར་ཡོད་པའི་ཟས་རིགས་གཉེར་སྐྱོང་དོ་དམ་ཚད་ལྡན་དུ་བཏང་སྟེ་ཟས་རིགས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སྔོན་འགོག་དང་ཚོད་འཛིན་ནུས་ལྡན་བྱས་ནས་འཛད་སྤྱོད་པའི་གཟུགས་པོ་བདེ་ཐང་དང་ཚེ་སྲོག་ལ་བདེ་འཇགས་འགན་ལེན་བྱ་ཆེད། ཉེ་ཆར་སྨར་ཁམས་རྫོང་ཟས་རིགས་དང་སྨན་རྫས་ལྟ་སྐུལ་ཅུས་ཀྱིས་ཁོངས་གཏོགས་ཁུལ་གྱི་ཤང(གྲོང་རྡལ)ཁག་གཅིག་ཏུ་བསྐྱོད་དེ་ཤང(གྲོང་རྡལ)སྲིད་གཞུང་དང་། སྤྱི་བདེ་མངགས་གཏོང་ཁང་། བཟོ་ཚོང་ཁང་བཅས་ཀྱི་ཁྲིམས་སྐྱོང་མི་སྣ་དང་མཉམ་དུ་གྲོང་གསེབ་ཀྱི་ཟས་རིགས་བདེ་འཇགས་ཐད་ཀྱི་ཞིབ་བཤེར་ཆེ་མོའི་བྱེད་སྒོ་སྤེལ་བ་རེད།

ད་ཐེངས་ཀྱི་ཞིབ་བཤེར་དེས་ཟས་རིགས་ཐོན་སྐྱེད་དང་། འཁོར་རྒྱུག བཟའ་བཏུང་བཅས་ལྷུ་ཚིགས་གསུམ་ལ་དམིགས་ཏེ་ཟས་རིགས་ཚོང་ཁང་དང་། སྒོ་རྩིས་ཚོང་ཁང་། བཟའ་བཏུང་ཚན་པ་བཅས་རེ་རེ་བཞིན་ལ་དྲ་འགྲེམས་རྣམ་པའི་ཞིབ་བཤེར་བྱས་ནས་ཁུག་ཆ་མ་ལུས་པ་བྱས་ཡོད། མི་དམངས་མང་ཚོགས་དང་འབྲེལ་བ་དམ་ཟབ་ཡོད་པའི་འབྲས་དང་། གྲོ་ཞིབ། སྣུམ། ཤ འོ་བཟོས་བཟའ་བཅའ་སོགས་ལ་གཙོ་གནད་ཐོག་ཞིབ་བཤེར་བྱས་པ་དང་། ལྷག་པར་དུ་གྲོང་གསེབ་ཀྱི་སྒོ་རྩིས་ཚོང་ཁང་ཆུང་གྲས་དང་། བཟའ་བཏུང་ཁང་ཆུང་གྲས། ཚོང་འདུས་ཁྲོམ་ར་སོགས་ལྟ་སྐུལ་དོ་དམ་བྱེད་པའི་གཙོ་གནད་དུ་བྱས་ཏེ་མཐིལ་རྟོགས་གྲལ་བཤེར་བྱས་ཡོད། ལག་ཁྱེར་མེད་པར་གཉེར་སྐྱོང་དང་། དངོས་རྫས་རྫུས་མ་དང་སྤུས་ཞན་ཕྱིར་ཚོང་། “ལྔ་མེད་པའི”ཐོན་རྫས(ཐོན་སྐྱེད་བཟོ་གྲྭ་བཀོད་མེད་པ་དང་། ཐོན་སྐྱེད་དུས་ཚོད་བཀོད་མེད་པ། སྤུས་ཚད་འགན་ལེན་དུས་ཚད་བཀོད་མེད་པ། ཟས་རིགས་ཐོན་སྐྱེད་ཆོག་མཆན་མེད་པ། ཟས་རིགས་ཤོག་བྱང་མེད་པ)བཅས་ཀྱི་བྱེད་སྤྱོད་ལ་རྡུང་རྡེག་ནན་པོ་བཏང་བ་རེད།

ཟས་རིགས་གཉེར་སྐྱོང་བྱེད་མཁན་རེ་ཟུང་གི་བདེ་ཐང་ལག་ཁྱེར་དང་འཁྲོལ་འཛིན་ལག་ཁྱེར་དུས་ཚད་ཡོལ་བ་དང་། ལག་ཁྱེར་དང་སྤ་སེ་དུས་ཐོག་ཏུ་མ་བླངས་པ། ཟོག་འདྲེན་རྩིས་ཁྲ་འཐུས་སྒོ་མི་ཚང་བ། གཉེར་སྐྱོང་ཁོར་ཡུག་དང་ཆ་རྐྱེན་ཞན་པ་སོགས་ཁྲིམས་འགལ་སྒྲིག་འགལ་གཉེར་སྐྱོང་བྱ་སྤྱོད་དུས་བཀག་ལྟར་དག་ཐེར་བྱ་རྒྱུའི་བླང་བྱ་བཏོན་པ་རེད།

ད་ཐེངས་ཀྱི་ཞིབ་བཤེར་བརྒྱུད་གྲོང་གསེབ་ཀྱི་ཟས་རིགས་གཉེར་སྐྱོང་བྱ་སྤྱོད་སྔར་བས་ཚད་ལྡན་དུ་བཏང་བ་དང་མངོན་མེད་རྐྱེན་ངན་སྔོན་འགོག་དང་མེད་པ་བཟོས་ནས་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱེད་པའི་ཐད་ཕན་འབྲས་བཟང་པོ་ཐོན་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།