ལྷོ་རོང་རྫོང་གིས་འོས་འགན་སློབ་གསོ་དོ་མཉམ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བའི་སྐོར་བཀོད་པ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2015-06-01 10:06:15

ད་ཕན་ལོ་ཤས་རིང་ལྷོ་རོང་རྫོང་གིས་འོས་འགན་སློབ་གསོ་དོ་མཉམ་ངང་འཕེལ་རྒྱས་འགྲོ་རྒྱུར་དམིགས་ཏེ་གྲོང་རྡལ་དང་གྲོང་གསེབ་ཀྱི་ཐོན་ཁུངས་སྤྱི་འདོམས་དང་དོ་མཉམ་ངང་བཀོད་སྒྲིག་བྱེད་པ་དང་། སློབ་གཉེར་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ་གཙོ་གནད་དུ་བྱས་ཏེ་གྲོང་རྡལ་དང་གྲོང་གསེབ་དབར་དང་སློབ་གྲྭ་དབར་གྱི་ཧེ་བག་ཆུང་དུ་ཧུར་ཐག་བཏང་ཡོད། སློབ་གྲྭ་ཚང་མ་ལེགས་པར་གཉེར་བ་དང་སློབ་ཕྲུག་ཚང་མ་ཤེས་ལྡན་པར་འགྱུར་བ་བྱས་ཏེ་རྫོང་ཁོངས་ཀྱི་འོས་འགན་སློབ་གསོ་སྒོ་ཀུན་དང་། མཐུན་སྦྱོར། རྒྱུན་སྲིང་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་བས་འདྲ་མཉམ་སློབ་གསོའི་ཉི་འོད་དེ་སློབ་ཕྲུག་ཚང་མར་འཕྲོ་ཐུབ་པ་བྱུང་ཡོད།

གཏོང་ཆ་མང་པོ་བཏང་ནས་སློབ་གསོ་སྔོན་ལ་འཕེལ་རྒྱས་བཏང་བ།

ལྷོ་རོང་རྫོང་གིས་སློབ་གསོ་དེ་ནོར་སྲིད་གཏོང་སྒོའི་གཙོ་གནད་ཁྱབ་ཁོངས་སུ་བརྩིས་ནས་སྔོན་ལ་འགན་ལེན་བྱས་ཤིང་། ས་གནས་ནོར་སྲིད་ཡོང་འབབ་ནང་ནས་ལོ་གོང་མའི་ནོར་སྲིད་ངེས་རྩིས་ཡོང་འབབ་བསྡུར་ཚད་ཀྱི་20%ལས་མི་དམའ་བའི་ཐོག་ནས་སློབ་གསོར་བཏང་བ་དང་། 2014ལོར་རིམ་པ་དེ་གའི་ནོར་སྲིད་ཀྱིས་སློབ་གསོར་སྒོར་ཁྲི་654.9བཏང་བས་རིམ་པ་དེ་གའི་ནོར་སྲིད་ཡོང་འབབ་ཀྱི་23%ཟིན་པ་དང་2015ལོར་རིམ་པ་དེ་གའི་ནོར་སྲིད་ཀྱི་སློབ་གསོའི་སྔོན་རྩིས་གཏོང་ཚད་སྒོར་ཁྲི་1562ཟིན་ནས་རིམ་པ་དེ་གའི་ནོར་སྲིད་ཡོང་འབབ་ཀྱི་45%ཟིན་པ། བོད་སྐྱོར་མ་དངུལ་དེ་སློབ་གསོར་ཕྱོགས་རྒྱུ་མཐའ་འཁྱོངས་བྱས་ནས་ལོ་ལྟར་བོད་སྐྱོར་མ་དངུལ་ནང་གི་གསུམ་ཆ་གཅིག་སྟེ་དངུལ་སྒོར་ཁྲི་800སློབ་གསོར་བཏང་བ། ས་ཞིང་བསྡུ་སྤྱོད་མུའུ་165ལེགས་སྒྲུབ་བྱས་པར་སྒོར་ཁྲི་500ལྷག་ཙམ་བཏང་སྟེ་སློབ་གསོའི་འཛུགས་སྐྲུན་གྱི་ས་ཆ་འགན་ལེན་བྱས་ནས་འོས་འགན་སློབ་གསོ་དོ་མཉམ་ངང་འཕེལ་རྒྱས་འགྲོ་རྒྱུར་དངོས་པོའི་རྨང་གཞི་འགན་ལེན་བཅས་བྱས་པ་རེད།

ཞིང་འབྲོག་ཁུལ་གྱི་སློབ་གྲྭའི་འཛུགས་སྐྲུན་དེ་གྲོང་རྡལ་འཕེལ་རྒྱས་ཀྱི་རྗེས་སུ་ལུས་པའི་དངོས་ཡོད་གནས་ཚུལ་ལ་འགྱུར་ལྡོག་གཏོང་ཆེད་ལྷོ་རོང་རྫོང་གིས་སློབ་གྲྭ་ཚད་ལྡན་ཅན་གྱི་འཛུགས་སྐྲུན་ལ་དམ་འཛིན་ཡག་པོ་བྱས་པ་དང་། སློབ་གྲྭ་འབྲིང་ཆུང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་མ་ཤུགས་ཆེན་བཏང་སྟེ“སློབ་གྲྭ་འབྲིང་ཆུང་གི་སློབ་ཁང་གི་བདེ་འཇགས་ལས་གྲྭ”དང“གྲོང་གསེབ་ཀྱི་ཞག་སྡོད་ལམ་ལུགས་སློབ་གྲྭའི་འཛུགས་སྐྲུན་ལས་གྲྭ” “སློབ་གྲྭའི་སྒྱུར་བཀོད་ལས་གྲྭ”བཅས་ལག་ལེན་བསྟར་ནས་སློབ་གྲྭ་སྒྱུར་བཀོད་བྱེད་ཤུགས་ཆེ་རུ་བཏང་སྟེ་ཤང(གྲོང་རྡལ)ཁག་གི་སློབ་གྲྭའི་སློབ་ཁྲིད་ཁང་ཆེན་དང་། དགེ་རྒན་གྱི་ལས་ཤག སློབ་མའི་ཉལ་ཁང་། སློབ་མའི་ཟ་ཁང་སོགས་རྣམ་གྲངས་འཛུགས་སྐྲུན་གཙོ་གནད་དུ་བྱས་པ་རེད།

འཆར་འགོད་ལ་བརྟེན་ནས་སློབ་གསོ་དོ་མཉམ་ཡོང་རྒྱུར་སྐུལ་མ་བཏང་བ།

ལྷོ་རོང་རྫོང་གིས“དོ་མཉམ་དང་སྤུས་ལེགས”བྱ་ཐབས་གཉིས་ལ་སྐུལ་མ་བཏང་སྟེ《རྫོང་དེ་ཡོངས་ཀྱི་སློབ་གསོ་མགྱོགས་མྱུར་ངང་འཕེལ་རྒྱས་གཏོང་རྒྱུའི་ལག་བསྟར་བསམ་འཆར》དང《ལྷོ་རོང་རྫོང་གི་འོས་འགན་སློབ་གསོ་དོ་མཉམ་ངང་འཕེལ་རྒྱས་གཏོང་བའི་ལག་བསྟར་ཇུས་གཞི》སོགས་ཡིག་ཆ་བཟོས་ནས་སློབ་གྲྭ་འབྲིང་ཆུང་གི་ཁྱབ་གནས་བཀོད་པ་ལེགས་སྒྲིག་དང་། ཚད་ལྡན་ཅན་གྱི་སློབ་གྲྭ་འཛུགས་སྐྲུན། དགེ་རྒན་གྱི་སྟོབས་ཤུགས་ཆེར་གཏོང་བཅས་ལ་བརྟན་པོའི་ངང་སྐུལ་མ་བཏང་བ་རེད། འོས་འགན་སློབ་གསོ་དོ་མཉམ་ངང་འཕེལ་རྒྱས་འགྲོ་བའི་འགན་ལེན་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་བ་དང་དགེ་རྒན་དང་། སློབ་ཁང་། སྒྲིག་ཆས། དཔེ་དེབ་སོགས་ཐོན་ཁུངས་དོ་མཉམ་ངང་བཀོད་སྒྲིག་བྱས་ནས་འོས་འགན་སློབ་གསོའི་སྤྱི་པའི་ཞབས་ཞུ་དོ་མཉམ་ཅན་དུ་འགྱུར་རྒྱུར་སྐུལ་མ་བཏང་སྟབས་སློབ་གྲྭ་ཕན་ཚུན་དབར་གྱི་སློབ་གཉེར་ཆུ་ཚད་ཀྱི་ཧེ་བག་ཉིན་བཞིན་ཆུང་དུ་འགྲོ་བཞིན་ཡོད། གྲོང་རྡལ་དང་གྲོང་གསེབ་གཞི་གཅིག་ཅན་གྱི་འོས་འགན་སློབ་གསོའི་འཕེལ་རྒྱས་ལམ་སྲོལ་འཛུགས་པ་དང་། གྲོང་རྡལ་དང་གྲོང་གསེབ་ཀྱི་སློབ་གྲྭའི་སློབ་གསོའི་ཐོན་ཁུངས་མཉམ་སྤྱོད་དང་དགེ་རྒན་ལུགས་མཐུན་ངང་འཁོར་རྒྱུག སློབ་གྲྭའི་དོ་དམ་སྒྲིག་སྲོལ་དང་སློབ་གསོའི་གདེང་འཇོག་ལམ་སྲོལ་ལེགས་འགྱུར་བཅས་ལ་སྐུལ་མ་བཏང་བས་སྤུས་ལེགས་དང་དོ་མཉམ་ངང་འཕེལ་རྒྱས་འགྲོ་བའི་རྨང་གཞིའི་སློབ་གསོའི་མ་ལག་ཆགས་པ་དང་། གྲོང་རྡལ་དང་གྲོང་གསེབ་ཀྱི་སློབ་གྲྭའི་སློབ་གཉེར་ཆུ་ཚད་ཀྱི་ཧེ་བག་རྒྱུན་ཆད་མེད་པར་ཆུང་དུ་འགྲོ་བཞིན་ཡོད།

སློབ་གསོའི་ཁོངས་གཏོགས་ཀྱི་ཕུལ་བྱུང་དགེ་རྒན་གྲོང་གསེབ་ཀྱི་སློབ་གྲྭར་རོགས་སྐྱོར་བྱེད་པར་བཏང་བ་དང་། གྲོང་གསེབ་ཀྱི་སློབ་གྲྭའི་དགེ་རྒན་རྫོང་གྲོང་གི་སློབ་གྲྭར་རེས་མོས་སྤེལ་རེས་བྱེད་པར་བཏང་བ། སློབ་གསོར་རོགས་སྐྱོར་ལམ་ལུགས་ལག་ལེན་བསྟར་བ་དང་མཉམ་འབྲེལ་སློབ་ཁྲིད་ཞིབ་འཇུག་དང་། དགེ་རྒན་སྤེལ་རེས། ཐོན་ཁུངས་མཉམ་སྤྱོད་སོགས་ཀྱི་བྱ་ཐབས་སྤྱད་ནས་གྲོང་གསེབ་དང་ཉམས་ཞན་སློབ་གྲྭའི་དགེ་རྒན་དཔུང་ཁག་དང་སློབ་གསོའི་སྒྲིག་ཆས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ་དང་། དགེ་རྒན་དབར་སྤེལ་རེས་བྱ་རྒྱུར་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་སྟེ་གྲོང་རྡལ་དང་གྲོང་གསེབ་ཀྱི་དགེ་རྒན་དཔུང་ཁག་བཀོད་སྒྲིག་དོ་མཉམ་ཡོང་རྒྱུར་སྐུལ་མ་བཏང་བ་དང་སྤུས་ལེགས་སློབ་གསོའི་ཐོན་ཁུངས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་རེད།

དེ་དང་ཕྱོགས་མཚུངས་ལྷོ་རོང་རྫོང་གིས“སློབ་གྲྭ་ཚང་མ་ལེགས་པར་གཉེར་རྒྱུ་དང་ཕྲུ་གུ་ཚང་མར་དོ་ཁུར་བྱེད་རྒྱུར”དམིགས་ཏེ་ཁྱད་ལྡན་སློབ་གྲྭ་གཉེར་རྒྱུ་དེ་སློབ་གསོའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་སུ་བརྩི་བ་དང་མཐོ་སློབ་ཀྱི་གློག་རྡུལ་སློབ་ཁྲིད་ཀྱི་ལས་དོན་ཤུགས་ཆེན་སྤེལ་རྒྱུ་དེ་སློབ་གྲྭའི་བྱ་གཞག་ཁག་བརྟན་པོའི་ངང་སྐུལ་མ་གཏོང་བའི་བྱ་ཐབས་གལ་ཆེར་བརྩི་གི་ཡོད། ད་ཆ་རྫོང་དེ་ཡོངས་ཀྱི་ཤང་དང་གྲོང་རྡལ་གྱི་སློབ་ཁང་དཔེ་ཁྲིད་བྱེད་སྟངས་ས་སྨྱུག་གཅིག་དང་ནག་པང་གཅིག་གི་གདོད་མའི་རྣམ་པ་ནས་གྲངས་འཛིན་ཅན་གྱི་དུས་རབས་སུ“འཕུར་མཆོང”བྱུང་ཡོད།

བྱ་ཐབས་ལ་བརྟེན་ནས་སློབ་གསོའི་སྤུས་ཚད་མཐོ་རུ་བཏང་བ།

“སྒྱུར་བཅོས་ལ་བརྟེན་ནས་སློབ་གསོའི་འདྲ་མཉམ་ལ་སྐུལ་འདེད་བཏང་བ་དང་འཕེལ་རྒྱས་ཀྱི་ནང་དོན་ཕུན་སུམ་ཚོགས་སུ་བཏང་བའི་ཐོག་ནས་སྤུས་ཚད་དེ་བས་མཐོ་བའི་འདྲ་མཉམ་མངོན་འགྱུར་ཡོང་བ་བྱེད་དགོས”ཞེས་ལྷོ་རོང་རྫོང་གི་རྫོང་དཔོན་དགྲ་འདུལ་གྱིས་བཤད་པ་དང་། ལྷོ་རོང་རྫོང་གིས་ཐོག་མཐའ་བར་གསུམ་དུ་ནང་དོན་ཕུན་སུམ་ཚོགས་སུ་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་སློབ་གྲྭ་ཚང་མ་ཡག་པོ་གཉེར་བ་དང་། དགེ་རྒན་ཚང་མ་འཕེལ་རྒྱས་ཡག་པོ་གཏོང་བ། སློབ་མ་ཚང་མ་གསོ་སྐྱོང་ཡག་པོ་བཅས་བྱས་པ་རེད།

དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུ་སྔོན་དུ་བྱས་ཏེ《སློབ་ཁྲིད་སྤུས་ཚད་ལྟ་སྐུལ་དང་དཔྱད་དཔོག་བྱ་ཐབས》དང《ལྷོ་རོང་རྫོང་གི་དགེ་རྒན་གྱི་སློབ་ཁྲིད་ཇུས་གཞི་ཚད་ལྡན་བཟོ་བའི་གཞི་རྩའི་བླང་བྱ》 《ཚོགས་ཐུན་བརྒལ་བའི་ཁ་གསབ་ཇུས་གཞི》 《ལྷོ་རོང་རྫོང་གི་རྒྱུན་གཏན་དོ་དམ་དང་སློབ་ཁྲིད་སྤུས་ཚད་ཀྱི་དཔྱད་ཞིབ་ཇུས་གཞི》 《ལྷོ་རོང་རྫོང་གི་སློབ་ཁྲིད་ཆུ་ཚད་མཐོ་རུ་གཏོང་ཐབས》 《ལྷོ་རོང་རྫོང་གི་དགེ་རྒན་དོ་དམ་བྱ་ཐབས》 《ལྷོ་རོང་རྫོང་གི་ནང་སའི་བོད་ལྗོངས་འཛིན་གྲྭར་རྒྱུགས་འཕྲོད་སློབ་མར་བྱ་དགའ་སྤྲོད་ཐབས》སོགས་ཀྱི་ལམ་ལུགས་བཟོས་ནས་འགྲེམས་སྤེལ་བྱས་ཏེ“དགེ་རྒན་ལས་གནས་ཀྱི་སྦྱོང་བརྡར་ཆེ་མོ”དང“སྤྱོད་བཟང་ལྡན་པའི་གཞོན་ནུ་ལོ་ཆུང་དཔྱད་བསྡུར”སོགས་བྱེད་སྒོ་སྤེལ་ནས་སློབ་གྲྭའི་དོ་དམ་ཚད་ལྡན་ཅན་དང་། ཞིབ་ཕྲ་ཅན། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཅན། ཚན་རིག་ཅན་བཅས་ལ་བསྒྱུར་རྒྱུར་སྐུལ་འདེད་བཏང་བ་རེད།

སློབ་གྲྭ་དང་ལྷག་པར་དུ་གྲོང་གསེབ་སློབ་གྲྭའི་སློབ་གཉེར་ཆ་རྐྱེན་ལེགས་བཅོས་ཆེན་པོ་བྱས་ཏེ་གྲོང་རྡལ་དང་གྲོང་གསེབ་དབར་དང་། སློབ་གྲྭ་དང་སློབ་གྲྭའི་དབར་གྱི་སློབ་གཉེར་ཧེ་བག་ཆུང་དུ་གཏོང་བ་དང་། སློབ་གསོའི་གཏོང་ཆ་དང་། སློབ་གཉེར་ཆ་རྐྱེན། དགེ་རྒན་འཛུགས་སྐྱོང་བཅས་ཀྱི་ཐད་ཚད་བརྒལ་ཡོང་བ་བྱས་ཡོད། སློབ་ཁང་གི་སློབ་ཁྲིད་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། སློབ་ཁྲིད་ཀྱི་སྤུས་ཚད་སྲ་བརྟན་དང་གོང་མཐོར་གཏོང་བ། སློབ་ཁྲིད་ཀྱི་སྤུས་ཚད་མཐོ་རུ་གཏོང་བའི་ཐད་སློབ་གྲྭར་སྐུལ་ལྕག་གཏོང་བ་བཅས་ཀྱི་འགྲན་རྩོད་ཡག་པོ་ཞིག་ཆགས་ཡོད།

སློབ་མའི་བསམ་བློ་ཀུན་སྤྱོད་དང་སློབ་གསོ་གསོ་སྐྱོང་ལ་སྣང་ཆེན་བྱས་ཏེ་བོད་གསར་རྙིང་བསྡུར་བ་དང་། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ། མི་རིགས་མཐུན་སྒྲིལ་སློབ་གསོ། དྲིན་ཚོར་སློབ་གསོ་བཅས་གཏིང་ཟབ་སྤེལ་བ་དང་། “སློབ་གྲྭར་ཁྲིམས་ལུགས་དྲིལ་བསྒྲགས་བྱེད་པ”དང“ཉི་འོད་ལུས་རྩལ་དང་སྒྱུ་རྩལ”སོགས་ཀྱི་བྱེད་སྒོ་སྤེལ་ནས་ལྟ་སྐུལ་མཛུབ་ཁྲིད་དང་དཔྱད་དཔོག་ལ་ཤུགས་སྣོན་རྒྱག་པ་དང་སློབ་གསོ་དང་སློབ་ཁྲིད་བྱ་སྤྱོད་ཚད་ལྡན་དུ་བཏང་ཡོད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།