གོ་འཇོ་ས་ངན་གྱི་ལོ་ངོ་སྟོང་ཕྲག་གི་འཕོ་འགྱུར་ཆེན་པོ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2014-12-18 00:15:12

གོ་འཇོ་ས་ངན་ནི་བོད་ཀྱི་ཤར་རྒྱུད་འབྲི་ཆུའི་འགྲམ་ངོགས་སུ་གནས་པ་དང་སི་ཁྲོན་དབར་ཆུ་བོས་བཅད་ཡོད། ལོ་ངོ་བཅུ་ཕྲག་རིང་འཕེལ་རྒྱས་ཕྱིན་པར་བརྟེན་ནས་ས་ངན་དུ་ལོ་ངོ་སྟོང་ཕྲག་གི་མཆོང་སྐྱོད་ལྟ་བུའི་འགྱུར་ལྡོག་ཆེན་པོ་བྱུང་བ་རེད།

འཚོ་བའི་འགྱུར་ལྡོག་སྟེ།

ཟས་གོས་མི་འདང་བ་ནས་ཟས་གོས་ཀྱིས་ཕྱུག་པར་གྱུར།

གོ་འཇོ་རྫོང་ས་ངན་ཡུག་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཅང་ཡུང་ཁྲུན་གྱིས་བཤད་པ་ལྟར་ན། ལོ་ངོ་བཅུ་ཕྲག་དུ་མའི་གོང་གི་ས་ངན་དུ་གྱོན་གོས་ཧྲལ་ཧྲུལ་གྱི་ཞིང་འབྲོག་པ་དག་གིས་གདོད་མའི་ཤིང་གི་ངལ་རྩོལ་ཡོ་བྱད་ལ་བརྟེན་ནས་ཞིང་ཁར་ལས་ཀ་བྱེད་པ་མཐོང་ཐུབ། དགོང་མོར་ཞིང་འབྲོག་པ་རྣམས་ས་ཁང་གི་ཤིང་ལེབ་ཐོག་ཉལ་གྱི་ཡོད་ལ་གྲང་ངར་ཤིན་ཏུ་ཆེ་བའི་དུས་ཚིགས་སུའང་མལ་གཟན་མེད་པར་རང་གི་བོད་ཆས་ལུས་སུ་བཀབ་ནས་གྲང་ངར་སེལ་ཐབས་བྱེད་ཀྱི་ཡོད་པ་རེད།

ཀྲུང་གོ་གསར་པ་དབུ་མ་བརྙེས་གོང་ས་ཞིང་ལ་བརྟེན་ནས་ད་ཡོད་མི་འབོར་གྱི་འཚོ་བ་སྐྱེལ་ཐབས་བྲལ། “ས་ཞིང་རི་ལྡེབས་སུ་གནས”ཞེས་པ་ནི་ས་ངན་གྱི་ཞིང་སའི་གནས་བབ་མཚོན་ཚུལ་ཞིག་རེད། ཞིང་ས་གཡང་གཟར་བ་དང་ཕལ་ཆེ་བ་ཏུའུ་45ཡན་གྱི་གཡང་གཟར་ངོས་སུ་གནས་ལ་ཆར་དུས་སུ་ས་ཟད་ཆུ་ཟད་ཧ་ཅང་ཚབས་ཆེ། དེར་བརྟེན་ས་ཆུ་སྲུང་འཛིན་བྱ་ཆེད་ཞིང་སའི་གང་ས་གང་དུ་ཆེ་ཆུང་ཁུ་ཚུར་ལྟ་བུའི་རྡོས་ཁེངས་པས་ཞིང་སའི་ཐོན་ཚད་ཀྱང་དམའ་བ་དང་མུའུ་རེའི་ཐོན་ཚད་ལ་རྒྱ་མ་200ཙམ་ལས་མེད། ཞིང་ས་ཉུང་བ་དང་ཐོན་ཚད་དམའ་བའི་དབང་གིས་ས་ངན་བས་རྒྱུན་དུ་གྲོད་པ་ལྟོགས་བཞིན་འཚོ་བ་སྐྱེལ་བཞིན་ཡོད་པ་རེད།

“འཚོ་བ་སྐྱོ་པོ་ལས་ཐར་ནས་ད་ལྟའི་འཚོ་བ་ཡག་པོ་འདི་འདྲ་སྐྱེལ་ཐུབ་པས་རྒྱལ་ཁབ་ལ་དངོས་འབྲེལ་ཐུགས་རྗེ་ཆེ་ཞུ”གསར་འགོད་པས་ཤེས་རྟོགས་བྱས་པ་ལྟར་ན། ས་ངན་དུ་ཞིང་འབྲོག་པར་ཁ་གསབ་རོགས་རམ་བྱེད་པའི་རྒྱལ་ཁབ་ཀྱི་རྣམ་གྲངས་ཏེ་རྨོ་བསྐྱུར་ནགས་གསོའི་ཁ་གསབ་དང་། སོན་བཟང་ཁ་གསབ། མ་མཐའི་འགན་བཅོལ་གྱི་ཁ་གསབ་སོགས་ཧ་ཅང་མང་པོ་ཡོད། “ང་ཚོའི་ཁྱིམ་ལ་ལོ་གཅིག་རིང་སྒོར་ཁྲི་3ཡས་མས་ཀྱི་ཁ་གསབ་རག་གི་འདུག”ཅེས་ཨ་སྙིང་གིས་དགོད་བཞིན་བཤད།

དེ་དང་ཆབས་ཅིག་བོད་ཀྱིས་གྲོང་ཚོར་ལས་བྱེད་པ་བཅའ་སྡོད་ཀྱི་ལས་དོན་སྤེལ་བ་དང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་རེར་སྒོར་ཁྲི་10ཡས་མས་ཀྱི་དམངས་ཀྱི་ཆེད་དུ་དོན་ངོ་མ་སྒྲུབ་པའི་མ་དངུལ་ཡོད་ཅིང་། དེ་དག་ནས་ཁག་གཅིག་གིས་ཞིང་འབྲོག་པར་འཚོ་བའི་ཉེར་མཁོ་ཉོ་བཞིན་ཡོད། ས་ངན་དུ་རྒན་གཞོན་ཀུན་གྱིས་རིན་མི་དགོས་པར་ཇ་འབྲས་ཚྭ་ཁུ་སོགས་ལེན་ཚུལ་རྒྱུན་དུ་མཐོང་རྒྱུ་ཡོད།

ལུགས་སྲོལ་གྱི་འགྱུར་ལྡོག་སྟེ།

འཕྲོག་བཅོམ་ཇག་ལས་ནས་ཁྲིམས་སྲུང་ལས་བརྩོན་དུ་གྱུར།

ལོ་རྒྱུས་ཐོག་ས་ངན་གྱི་འབངས་སྲོལ་མི་ལེགས་པར་འཕྲོག་བཅོམ་ཇག་ལས་རྒོད་པས་ཕྱི་མི་མང་པོས་ས་ངན་བའི་སྐོར་ཐོས་ཚེ་ཚང་མ་འཇིགས་སྣང་དང་དངངས་སྐྲག་སྐྱེ་བར་འགྱུར། དེ་དང་ཆབས་ཅིག་དེ་ནི“ཕ་ཚོ”ཞེས་པའི་སྤྱི་ཚོགས་རྩ་འཛུགས་གཙོ་བོ་ཞིག་ཡིན་ལ་ཕ་རྒྱུད་སྤྱི་ཚོགས་ཀྱི་ཁྱད་ཆོས་ཅན་གྱི་གཉེན་ཚན་ཁྱིམ་རྒྱུད་ཀྱི་ཚོགས་པ་ཞིག་ཀྱང་རེད། ཆབ་མདོར་བཅིངས་འགྲོལ་མ་བཏང་གོང་ཕ་ཚོའི་དབར་རྟག་ཏུ་རྒྱུ་ནོར་དང་གཉེན་སྒྲིག་སོགས་ཀྱི་དབང་གིས་འཁོན་གསོད་བྱུང་བ་མ་ཟད་གཉེན་ཚན་གྱི་ཤ་འཁོན་བསྟུད་མར་སློག་བཞིན་ཡོད་པ་རེད།

ཅང་ཡུང་ཁྲུན་གྱིས་གསར་འགོད་པར་ད་ལྟའི་མི་སེར་གྱི་འཚོ་བ་ཇེ་ཡག་ཏུ་ཕྱིན་པ་དང་ཇག་པ་ཡང་སྔ་མོ་ནས་མེད། དེས་མ་ཟད་རྒྱལ་ཁབ་ཀྱི་ཁྲིམས་སྐྱོང་སློབ་གསོའི་ཁྲིད་སྟོན་འོག་འཁོན་གསོད་ཀྱི་སྤྱོད་ངན་ཡང་ལོ་རྒྱུས་ཀྱི་གར་སྟེགས་ནས་མེད་པར་གྱུར་ཡོད། གནད་དོན་འཕྲད་ཚེ་མང་ཚོགས་ཀྱིས་ཁྲིམས་མཐུན་གྱི་ཐབས་ལམ་ལ་བརྟེན་ནས་ཐག་གཅོད་ཚུལ་དང་། སྲིད་གཞུང་འཚོལ་བ། བཅའ་ཁྲིམས་ཀྱི་ཐབས་ལམ་ལ་བརྟེན་ནས་རང་ཉིད་ཀྱི་ཁེ་དབང་སྲུང་སྐྱོབ་བྱེད་སྟངས་བཅས་ཤེས་ཀྱི་ཡོད་ཅེས་བཤད།

འཆི་མེད་ཚེ་རིང་ནི་ས་ངན་དུ་སྔོན་ཆད་ཕ་ཚོའི་ནང་སྤྱོད་ཡོན་གཉིས་ལྡན་གྱི་མི་ཞིག་རེད། “སྔོན་ཆད་དབུལ་དྲགས་པའི་རྐྱེན་གྱིས་ཕ་ཚོ་ཆགས་པ་དང་ཕ་ཚོའི་ཁོངས་མི་ནི་ཁྱིམ་རྒྱུད་ལ་བརྟེན་ནས་གནས་དགོས་པ་དང་ཁེ་ཕན་སྲུང་སྐྱོབ་བྱེད་དགོས། ཕ་ཚོའི་དབར་ཡང་རྩོད་གཞི་འབྱུང་སླ་པོ་རེད། ད་ཆ་འཚོ་བ་ཡག་ཏུ་ཕྱིན་ནས་གྲོང་མི་འཆམ་མཐུན་མཉམ་གནས་དང་ཕན་ཚུན་རོགས་རམ་བྱེད་པར་བརྟེན་ཉིན་ལྟར་གསོད་གཏུབ་སུ་ཞིག་གིས་བྱེད་འདོད་དམ”ཞེས་འཆི་མེད་ཚེ་རིང་གིས་བཤད་པ་རེད།

བསམ་བློའི་འདུ་ཤེས་ཀྱི་འགྱུར་ལྡོག་སྟེ།

བཀག་སྡོམ་མཁྲེགས་འཛིན་ནས་ཧུར་ཐག་ཡར་བརྩོན་དུ་གྱུར།

“ཆབ་མདོར་བཅིངས་འགྲོལ་མ་བཏང་གོང་ས་ངན་གྱི་ཞིང་འབྲོག་པར་ཟ་རྒྱུ་ཡོད་ཚེ་ཟ་བ་དང་། ཟ་མ་ཞིག་ཟོས་རྗེས་ཟ་མ་རྗེས་མ་བཟའ་རྒྱུ་མེད་ཅིང་། འཚོ་བ་ཇི་ལྟར་བྱས་ནས་ཡར་རྒྱས་གཏོང་རྒྱུར་མནོ་བསམ་ཁྱོན་ནས་མི་གཏོང་བས་རྗེས་ལུས་མཁྲེགས་འཛིན་གྱི་བསམ་བློ་ཧ་ཅང་ཚབས་ཆེན་ལྡན་ཡོད”ཅེས་འཆི་མེད་ཚེ་རིང་གིས་བཤད་བྱུང་།

ད་ཆ་རྗེས་ལུས་ཀྱི་བསམ་བློའི་འདུ་ཤེས་ཁག་གཅིག་ས་ངན་གྱི་ལམ་བུ་ཤར་གཏོང་བྱུང་བ་དང་བསྟུན་ནས་ཟམ་མི་ཆད་པར་ལེགས་སུ་སོང་བ་དང་། མི་སེར་མང་པོ་ཡང་བཀག་སྡོམ་གྱི་འཇིག་རྟེན་ནས་ཐོན་ཏེ་འགྱུར་ལྡོག་བྱུང་བ་རེད།

ཅང་ཡུང་ཁྲུན་གྱིས་བཤད་པར་གཞིགས་ན། ཆབ་མདོར་བཅིངས་འགྲོལ་བཏང་རྗེས་དང་ལྷག་དོན་དུ་ཉེ་བའི་ལོ་20རིང་བོད་ཀྱི་བགྲོད་ལམ་བསྐྲུན་ནས་ཇེ་ཡངས་དང་ཇེ་རིང་དུ་སོང་བ་དང་ཞིང་འབྲོག་པ་སྔར་བས་མང་པོ་ས་ངན་ནས་ཐོན་ཏེ་ལྟ་རྒྱ་མཐོང་རྒྱ་ཡངས་པ་དང་དངུལ་ཁུག་ཁེངས་པར་གྱུར་ཡོད། དེ་དང་ཆབས་ཅིག་སྲིད་གཞུང་གིས་བྱ་གཞག་སྒྲུབ་འདོད་ཀྱི་ཞིང་འབྲོག་པར་སྐུལ་ལྕག་དང་རོགས་རམ་བྱས་ནས་མི་ཁག་གཅིག་སྔོན་དུ་ཕྱུག་པོར་གྱུར་པ་མ་ཟད། ཁོ་ཚོར་སྣེ་ཁྲིད་ཀྱི་ནུས་པ་འདོན་དུ་བཅུག་ཡོད། དེའི་དབང་གིས་ཞིང་འབྲོག་པ་གཞན་དག་ལ་བག་མེད་རྣམ་གཡེང་བྱེད་མི་རུང་བ་ཚོར་དུ་བཅུག་ནས་ཕན་ཚུན་གཅིག་རྗེས་གཅིག་སྙེགས་བྱེད་པ་དེ་སྣང་ཚུལ་ཞིག་ཏུ་གྱུར་ཡོད།

ས་ངན་འབུམ་སྐྱེས་ཤང་གླང་ཉག་སྟོད་པ་གྲོང་ཚོའི་ཕུར་བུ་ནི་ལོ་བཅུའི་གོང་གཅིག་པུར་ས་ངན་ནས་ཐོན་ཏེ་ཁྲོམ་རའི་ཐོག་ཞུགས་པ་དང་ཟོག་འཁོར་ཉོས་ཏེ་སྐྱེལ་འདྲེན་བྱས་པ་དང་ད་ལྟ་གོ་འཇོ་རྫོང་གྲོང་དུ་ཚན་པའི་གཞུང་འཁོར་གཏོང་བཞིན་ཡོད་པ་རེད། “སྔོན་ཆད་ཚོང་ཟོག་སྐྱེལ་འདྲེན་བྱས་ཏེ་ཁེ་སྤོགས་ཕྲན་ཙམ་བྱུང་། རྗེས་སུ་ངས་རླངས་འཁོར་ཉོས་པ་དེ་གཅུང་པོར་གཏོང་དུ་བཅུག་པ་དང་ང་རང་གིས་གཞུང་འཁོར་བཏང་བ་ཡིན། དེ་ལྟར་ནང་མི་ཚང་མ་འཚོ་བ་ཡག་པོ་སྐྱེལ་ཐུབ་པ་བྱུང”ཞེས་ཕུར་བུས་དགོད་བཞིན་བཤད།

ཕུར་བུས་བཤད་པ་ལྟར་ན། གྲོང་ཚོའི་མིས་གཅིག་གིས་གཅིག་ལ་བལྟ་བ་དང་ཕན་ཚུན་ཤུགས་རྐྱེན་ཐེབས་པར་བརྟེན། ད་ཆ་ཕྱི་རོལ་དུ་ལས་ཀར་བསྐྱོད་མཁན་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད། གླང་ཉག་སྟོད་པ་གྲོང་ཚོ་ཁོ་ནར་ཡང་ཕྱི་རོལ་དུ་ལས་ཀ་བྱེད་པ་དང་ཚོང་རྒྱག་མཁན་50ལྷག་ཡོད་པ་དང་། ཀུན་གྱིས་འབད་བརྩོན་ཇི་ལྟར་བྱས་ན་འཚོ་བ་ཇེ་ཡག་ཏུ་འགྲོ་བར་བསམ་བློ་གཏོང་བཞིན་ཡོད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།