ཀྲུང་གུང་ཆབ་མདོ་གྲོང་ཁྱེར་གྱིས་ཨུ་ཡོན་ལྷན་ཁང་སྐབས་དང་པོའི་རྒྱུན་ལས་ཚོགས་འདུ་ཐེངས་21པ་འཚོགས་པ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2015-09-17 09:35:01

ཚེས་14ཉིན་གྱི་སྔ་དྲོ་ཀྲུང་གུང་ཆབ་མདོ་གྲོང་ཁྱེར་གྱིས་ཨུ་ཡོན་ལྷན་ཁང་སྐབས་དང་པོའི་རྒྱུན་ལས་ཚོགས་འདུ་ཐེངས་21པ་སྐོང་ཚོགས་བྱས་པ་རེད། ཚོགས་འདུའི་ཐོག་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གིས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བའི་རྟེན་འབྲེལ་ཚོགས་ཆེན་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་སྙན་ཞུ་གསན་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་དང་། ཙུང་ལི་གཞོན་པ་ལིའུ་ཡན་ཏུང་གིས་ཆབ་མདོར་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་ཆབ་མདོ་གྲོང་ཨུད་ཀྱི་ཧྲུའུ་ཅི་ནོར་བུ་དོན་གྲུབ་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

ནོར་བུ་དོན་གྲུབ་ཀྱིས་སློབ་སྦྱོང་ནན་ཏན་དང་། བསམ་བློ་གཅིག་གྱུར། ཁ་ཕྱོགས་སྟངས་འཛིན་བཅས་བྱས་ཏེ། ཀྲུའུ་ཞི་ཡུས་ཀྲེང་ཧྲེང་དང་ཙུང་ལི་གཞོན་པ་ལིའུ་ཡན་ཏུང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གྱིས་ཆབ་མདོ་གྲོང་ཁྱེར་གྱི་ལས་དོན་ཁག་ལ་མཛུབ་ཁྲིད་བྱེད་པ་དང་། སྙིང་དོན་དམ་འཛིན་གྱིས་ཆབ་མདོའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཆབ་མདོའི་འཕེལ་རྒྱས་དང་བརྟན་ལྷིང་སོགས་ལས་དོན་ཁག་གི་ལེའུ་གསར་པ་ཞིག་བརྩམས་པ། ཡུན་རིང་བོད་འཛུགས་སྐྲུན་མཐའ་འཁྱོངས་ཀྱིས“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”དར་སྤེལ་ཤུགས་ཆེན་གཏོང་བ་དང་ལས་དོན་ཁག་དོན་འཁྱོལ་ལ་དམ་འཛིན་ཤུགས་ཆེན་བྱེད་པ། “ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོ་གཏིང་ཟབ་རྒྱག་པ་དང་ཏང་གིས་ཏང་དོ་དམ་དང་ཏང་ནན་སྐྱོང་མཐའ་འཁྱོངས་ཀྱིས་འགོ་ཁྲིད་ཚན་ཁག་དང་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཆབ་སྲིད་ཀྱི་སྒྲིག་ལམ་དང་ཆབ་སྲིད་ཀྱི་སྒྲིག་སྲོལ་ནན་པོ་བསྲུངས་ཏེ་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཐོག་མཐའ་བར་གསུམ་དུ་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་དང་ཧྲུའུ་ཅི་ཁྲེན་ཆོན་གོས་གཙོ་བོ་གནང་བའི་ལྗོངས་ཏང་ཨུད་དང་ཚད་མཐོའི་གཅིག་གྱུར་རྒྱུན་འཁྱོངས་བྱས་ཏེ་ཏང་ལ་བློ་དཀར་སེམས་དཀར་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རྩ་དོན་འགངས་ཆེན་གྱི་གནད་དོན་ལ་དར་ཆ་གསལ་སྟོན་དང་། ལངས་ཕྱོགས་བརྟན་པོ། གོམ་སྟབས་གཅིག་མཐུན་བཅས་བྱེད་པ། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་དང་ཏང་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་མཐའ་འཁྱོངས་ནན་པོ་བྱེད་པ་མ་ཟད། ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་མི་རིགས་ཁག་གི་མི་དམངས་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་མ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་གཏོང་བ་བཅས་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ཀྱིས་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་ལ་མོས་སེམས་བྱེད་ཚད་ཆེ་རུ་གཏོང་དགོས་ཞེས་གསུངས་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།