ཞི་མཐུན་བརྟན་ལྷིང་གི་ཆབ་མདོ་གྲོང་ཁྱེར།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2015-09-06 10:17:15

ཉེ་ལམ་ལོ་ཤས་རིང་། ཆབ་མདོ་གྲོང་ཁྱེར་གྱིས་བློ་བརྟན་འགྱུར་མེད་ངང་ཀྲུང་དབྱང་གི་དུས་སྐབས་གསར་པའི་བོད་སྐྱོང་ཐབས་ཇུས་ལག་བསྟར་དོན་འཁྱོལ་དང་། ལྗོངས་ཏང་ཨུད་ཀྱི་བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་ཁག་ལག་བསྟར་དོན་འཁྱོལ་བྱས་ཏེ་འཕེལ་རྒྱས་བརྟན་ལྷིང་གི་ཕུགས་ཕན་ལམ་སྲོལ་ཧུར་ཐག་བཙུགས་ཐོག མཆོང་སྐྱོད་ལྟ་བུའི་གོང་འཕེལ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་ཤུགས་ཆེན་བཏང་ཡོད་པ་རེད། ད་ཆ་བོད་ཤར་རྒྱུད་ཀྱི་ཆབ་མདོ་གྲོང་ཁྱེར་དུ་ཞི་མཐུན་བརྟན་ལྷིང་དང་། དམངས་འཚོ་ལེགས་གཏོང་། མི་རིགས་མཐུན་སྒྲིལ། བདེ་སྡོད་ལས་བརྩོན་བཅས་ཐུབ་ནས་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་འགྲོ་བའི་རྣམ་པ་ཞིག་མངོན་ཡོད་པ་རེད།

“ད་ཆ་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཉེ་འགྲམ་དུ་བསྐྲུན་ཡོད་པས་ང་ཚོ་བློ་བདེ་པོ་ཞིག་འདུག ཁོར་ཡུག་མཛེས་སུ་ཕྱིན་པ་དང་། ཡོང་འབབ་མང་དུ་ཕྱིན་པས་མི་སེར་ཚོ་འཚོ་བ་སྐྱིད་པོ་སྐྱེལ་རྒྱུ་ཡོད་པ་དང་བདེ་འཇགས་ཡོད་པས་བདེ་སྐྱིད་ཚོར་སེམས་དེ་བས་ཆེ་རུ་འགྲོ་གི་འདུག”ཅེས་ཆབ་མདོ་སྨན་རྫས་ཚོང་ཁང་ཆེ་མོའི་སྦྱིན་བདག་ཝང་ཕུང་གིས་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ལ་བསྔགས་བརྗོད་ཆེན་པོ་བྱེད་བཞིན་དེ་ལྟར་བཤད།

ཆབ་མདོ་གྲོང་ཁྱེར་གྱིས་སྤྱི་བདེའི་ཞིབ་བཤེར་ས་ཚིགས་63འཛུགས་རྒྱུ་སླར་གསོ་བྱས་ནས་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་150ཡི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་དང་། དོ་དམ་སྡེ་ཚན་དྲ་མིག་2085ལ་དབྱེ་ནས་གྲོང་ཚོ(གྲོང་ལྷན)དང་། དེ་བཞིན་དགོན་སྡེའི་དྲ་མིག་ཅན་གྱི་ཁོངས་མི་20544བཀོད་སྒྲིག་དང་དུད་སྦྲེལ་ཚན་པ་19414ལ་དབྱེ་བ་དག་མང་ཚོགས་དུད་ཚང་152361ལ་ཁྱབ་པ་དང་མི་གྲངས་ཁྲི་76ལྷག་ཙམ་ཟིན་ཡོད་པ་རེད།

ཆབ་མདོ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་བརྟན་ལྷིང་ནི་ཐམས་ཅད་ལས་ལྷག་པ་དང་འཕེལ་རྒྱས་མེད་ཚེ་མི་དམངས་ལ་བདེ་སྐྱིད་སྐྲུན་མི་ཐུབ་པའི་འདུ་ཤེས་ཟབ་མོ་བཙུགས་ནས་ཆབ་སྲིད་ལ་སྣང་ཆེན་བྱེད་པ་ལས་ཆ་རྐྱེན་ལ་སྣང་ཆེན་མི་བྱེད་པ་དང་། དཀའ་ངལ་འཕྲད་སྐབས་ཕྱིར་གཤོལ་མི་བྱེད་པ། ཉེན་ཁ་འཕྲད་སྐབས་མདུན་དུ་མཆོངས་ནས་འགན་འཁྲི་འཁུར་ཕོད་པ་བཅས་བྱས་ཏེ་ཆབ་མདོའི་ཞི་མཐུན་བརྟན་ལྷིང་ལ་ཤུགས་རྐྱེན་བཟོ་བའི་མངོན་གསལ་དོད་པའི་འགལ་བ་དང་གནད་དོན་ལ་དམ་པོར་དམིགས་པ་དང་། བསམ་བློའི་རྨང་གཞི་བརྟན་དུ་གཏོང་བ་དང་། འགོག་སྲུང་མ་ལག་འཐུས་ཚང་དུ་གཏོང་བ། སྤྱི་ཚོགས་ཁྱོན་ཡོངས་བརྟན་ལྷིང་ཡོང་བ་བྱེད་པ། བཅོས་སྒྲིག་བྱེད་ནུས་ཆེ་རུ་གཏོང་བ། འགལ་བ་འདུམ་འགྲིག་བྱ་ཤུགས་ཆེ་རུ་གཏོང་བ། མངོན་གསལ་དོད་པའི་སྤྱི་ཚོགས་གནད་དོན་དོ་དམ་བྱེད་པ། མཐའ་མཚམས་རོགས་ལས་ལ་སྐུལ་འདེད་གཏོང་བ། གསང་འཕྲིན་ཆ་འཕྲིན་ལ་ཤུགས་སྣོན་རྒྱག་པ། འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་སུ་གཏོང་བ། བརྟན་ལྷིང་སྲུང་སྐྱོང་གི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་སོགས་ཀྱི་བྱ་ཐབས་སྤྱད་དེ་ཕྱོགས་གཉིས་ཀར་འཐུས་ཤོར་མི་ཡོང་བ་དང་། སྟོབས་ཤུགས་གཅིག་སྡུད་ཐུབ་པ། ཕྱོགས་བསྡུས་སྲིད་ཇུས་ལག་བསྟར་བྱེད་པ། རང་འགུལ་བཅོས་སྒྲིག་བྱེད་པ་བཅས་བྱས་ཡོད་པ་རེད།

ཞིང་འབྲོག་ཁུལ་གྱིས་རྒྱ་ཁྱོན་95%ཡན་ཟིན་པ་དང་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་518ཡོད་པའི་མཐའ་མཚམས་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ཞིག་ཡིན་པའི་ངོས་ནས་སྤྱི་ཚོགས་བཅོས་སྒྲིག་སྒྲིག་གཞི་གསར་གཏོད་བྱེད་པ་དང་། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་སྐུལ་འདེད་གཏོང་རྒྱུ་གཙོ་གནད་གཞི་རིམ་དུ་ཡོད་པ་དང་། དཀའ་གནད་གཞི་རིམ་དུ་གནས་པ། འགག་རྩ་གཞི་རིམ་དུ་ཐུག་ཡོད་པ་རེད།

ཆབ་མདོ་གྲོང་ཁྱེར་གྱི་ལས་ཁུངས་ཀྱི་ལས་བྱེད་པ་5000ལྷག་ཙམ་གྱིས་སྤྲོ་སེམས་རབ་ཏུ་འཕེལ་བཞིན་ཤང་དང་གྲོང་ཚོ་ཁག་ཏུ་བསྐྱོད་དེ་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་གྱི་བྱེད་སྒོ་ནན་ཏན་སྤེལ་ཡོད་པ་རེད། ལོ་བཞིའི་རིང་ཆབ་མདོ་གྲོང་ཁྱེར་གྱིས་རིམ་རྩིས་ལྟར་ན། ཕུལ་བྱུང་ལས་བྱེད་པ་19190ལས་གྲུབ་པའི་ལས་དོན་རུ་ཁག་མངགས་ནས་ཆབ་མདོ་གྲོང་ཁྱེར་གྱི་སྲིད་འཛིན་གྲོང་ཚོར(གྲོང་ལྷན)ཁྱོན་ཡོངས་ནས་ཁྱབ་ཐུབ་པ་བྱས་པ་རེད།

གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་སྐོར་གྱི་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་བྱེད་ཕྱོགས་སྲིད་ཇུས་དང་ཐབས་ཇུས་བཀོད་སྒྲིག་ནན་ཏན་ངང་དོན་འཁྱོལ་བྱས་ནས་བརྟན་ལྷིང་སྲུང་སྐྱོང་གི་ལས་ཀའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་སྤྱི་ཚོགས་དོ་དམ་གསར་གཏོད་ལ་ཤུགས་སྣོན་བརྒྱབ་སྟེ“གྲོང་ཚོ་ཚང་མ་མཁར་རྫོང་དང་མི་ཚང་མ་སོ་དམག”ཡིན་པའི་བརྟན་ལྷིང་སྲུང་སྐྱོང་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་སྔོན་འགོག་ཚོད་འཛིན་གྱི་དྲ་རྒྱ་སྐྲུན་གང་ཐུབ་བྱས་ཡོད་པ་རེད། མི་དམངས་ནང་ཁུལ་གྱི་འགལ་བ་ཐག་གཅོད་བྱེད་པའི་འབྲེལ་ཡོད་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་བཏང་ནས་འགལ་ཟླ་རྩོད་གཞི་དང་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་གྲལ་བཤེར་ནན་པོ་བྱེད་པ་དང་ཞིབ་ཕྲའི་ཐག་གཅོད་བྱེད་ཐབས་བཏོན་ཏེ་འགལ་བ་ཐོན་མ་ཐག་སེལ་བ་དང་གནད་དོན་གཞི་རིམ་དུ་ཐག་གཅོད་ཐུབ་པ་བྱས་ཡོད་པ་རེད།

2013ལོར་གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་གོ་སྐབས་དམ་འཛིན་བྱས་ནས་ཏང་ཡོན་ལས་བྱེད་པ“གྲོང་ཚོ་དང་དུད་ཚང་དུ་སྐྱོད་པ་དང་ཆ་སྒྲིག་གཉེན་འཚོལ་དང་གྲོགས་པོ་སྒྲིག་པའི”བྱེད་སྒོ་ཤུགས་ཆེན་སྤེལ་ཡོད། ཞིང་ཆེན་རིམ་པའི་འགོ་ཁྲིད་ཀྱིས་རུ་སྣེ་ཁྲིད་དེ་རང་འགུལ་ངང་དཀའ་ངལ་ཡོད་པའི་མང་ཚོགས་དང་ཆ་སྒྲིག་གཉེན་འཚོལ་དང་གྲོགས་པོ་སྒྲིག་ནས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཁྲོད་འཕྲད་པའི་དཀའ་ངལ་དངོས་འཕྲལ་མར་ཐག་གཅོད་བྱས་ཐོག་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་མི་རིགས་ཁག་གི་མང་ཚོགས་ཚོས་ཚོར་ཐུབ་པ་བྱས་ཡོད་པ་རེད།

གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་ལ་སྒུལ་ཤུགས་ཆེན་པོ་སྣོན་ཆེད། ལོ་མང་རིང་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་སྒྲིག་ཁོངས་བཅད་གྲངས་དང་། ལས་བྱེད་པ། ཤེས་ལྡན་མི་སྣ་བཅས་གཞི་རིམ་ལ་ཕྱོགས་རྒྱུ་མཐའ་འཁྱོངས་བྱས་ཡོད་པ་རེད། ཏང་སྲིད་ལས་ཁུངས་ཀྱི་ལས་བྱེད་པ་དང་སློབ་ཆེན་ཐོན་པའི་གྲོང་དཔོན་བདམས་མངགས་བྱས་ནས་གྲོང་ཚོར(གྲོང་ལྷན)ལས་བགོས་བརྒྱབ་པའམ་ཡང་ན་ཏང་ཀྲི་པུའི་ཧྲུའུ་ཅིའི་འགན་འཁུར་དུ་བཅུག་སྟེ་གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མིའི་རེས་སྐོར་སྦྱོང་བརྡར་ལམ་ལུགས་བཙུགས་པས་ཤང་གྲོང་ལས་བྱེད་པའི་དཔུང་ཁག་འཐུས་ཚང་དུ་ཕྱིན་པ་དང་གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་ལེགས་འདེམས་ཧྲག་སྒྲུག་ཐུབ་ཡོད་པ་རེད།

དམངས་འཚོ་དམངས་སེམས་དང་འབྲེལ་བ་དང་དམངས་སེམས་བརྟན་ལྷིང་དང་འབྲེལ་ཞིང་། 2013ལོར་ཆབ་མདོ་གྲོང་ཁྱེར་གྱིས“དམངས་འཚོའི་ལས་གྲྭ་བཅུ་གཉིས”ལག་ལེན་བསྟར་རིང་། གྲོང་ཁྱེར་ཡོངས་ཀྱིས་རིམ་རྩིས་བྱས་ན། མ་དངུལ་སྒོར་དུང་ཕྱུར་189.6བསྡུ་སྒྲིལ་བྱས་ནས་དམངས་འཚོའི་རྣམ་གྲངས་2384ལག་བསྟར་བྱས་ཡོད་པ་རེད། 2014ལོར་ཁྱོན་མ་དངུལ་སྒོར་དུང་ཕྱུར་6.7བསྡུ་སྒྲིལ་བྱས་ནས་ཆུ་འཁོར་ཆུང་ཆུང་དང་། རྫབ་རྫིང་ཆུང་ངུ་། གློག་སྒྲོན་ཆུང་ངུ་། སྟབས་བདེའི་ཟམ་པ། དྲོད་ཁང་ཆུང་ངུ་། ལམ་བུ་ཆུང་གྲས། ཐང་སྡེར་ཆུང་གྲས། སྡོད་ཁང་ཆུང་ཆུང་བཅས“ཆུང་ཆུང་བརྒྱད་ཀྱི་ལས་གྲྭ”ལག་ལེན་བསྟར་ནས་རྨང་གཞིའི་སྒྲིག་བཀོད་ལེགས་སུ་བཏང་བས་ཞིང་འབྲོག་པ་ཁྲི་30ལྷག་ཙམ་ལ་ཕན་པ་ཐོབ་ཡོད་པ་རེད། 2010ལོ་ནས་བཟུང་བཀོད་པ་ལེགས་པའི་གྲོང་ཚོ་203བསྐྲུན་ནས་བདེ་སྡོད་ལས་གྲྭའི་དུད་ཚང་ཁྲི་10ལྷག་ཙམ་དང་སྲིད་འཛིན་གྲོང་ཚོ་890ཡི་ཁོར་ཡུག་བཅོས་སྒྲིག་བྱས་པས་ཞིང་འབྲོག་པ་ཁྲི་54བདེ་འཇགས་ལྡན་ལ་སྤྱོད་གོ་ཆོད་པའི་ཁང་པ་གསར་པའི་ནང་སྡོད་རྒྱུ་བྱུང་བ་དང་། ཞིང་འབྲོག་པ་ཁྲི་44.5ལ་བློ་བདེའི་ཆུ་འཐུང་རྒྱུ་བྱུང་བ། ཞིང་འབྲོག་པ་ཁྲི་31.3ལ་གློག་འདང་ངེས་སྤྱོད་ཐུབ་པ་བྱུང་ཡོད་པ་རེད།

མི་རིགས་ཁག་གི་ཞི་མཐུན་བརྟན་ལྷིང་མེད་ན་བརྟན་ལྷིང་མཐུན་སྒྲིལ་གྱི་ཆབ་སྲིད་རྣམ་པ་ཡོང་མི་སྲིད། མི་རིགས་ཁག་མཐུན་སྒྲིལ་དང་མཛའ་གྲོགས་ཡོང་བ་བྱ་རྒྱུ་ནི་ལས་དོན་མཐའ་དག་ཡག་པོ་སྒྲུབ་པའི་སྔོན་འགྲོའི་ཆ་རྐྱེན་དང་འགན་ལེན་ཞིག་ཡིན། ཆབ་མདོ་ནི་བོད་ཀྱི་མི་རིགས་མང་པོ་འདུས་སྡོད་བྱེད་པའི་གྲོང་ཁྱེར་གྱི་གྲས་ཤིག་ཡིན་པ་དང་སྤུན་ཟླའི་མི་རིགས་28ཀྱིས་རང་ཉིད་ཀྱི་མིག་འབྲས་ལ་གཅེས་སྤྲས་བྱེད་པ་བཞིན་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱས་ནས་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་དང་། འཆམ་མཐུན་མཉམ་གནས། ཁྱིམ་ཚང་གཅིག་ལྟར་བརྩི་བ་བཅས་བྱས་ནས་མི་རིགས་ཁག་འཆམ་མཐུན་མཉམ་གནས་དང་ཞི་མཐུན་འཕེལ་རྒྱས་ཡོང་བ་བྱས་ཏེ་མི་རིགས་ཁག་གི་མི་དམངས་ཀྱིས་རང་འགུལ་ངང་མི་རིགས་མཐུན་སྒྲིལ་བརྟན་ལྷིང་སྲུང་སྐྱོང་གི་སྤྱི་ཡོངས་ཀྱི་རྨང་རྡོ་བརྟན་དུ་བཏང་ཡོད་པ་རེད། (པ་ཚེ་དང་རིག་རྡོར་གྱིས་སྒྱུར་ཞུས་བྱས)

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།