ཆབ་མདོའི་ཡུན་རིང་དང་། རྒྱུན་སྲིང་། ཕྱོགས་ཡོངས་བཅས་ཀྱི་བརྟན་ལྷིང་ལ་སྐུལ་འདེད་གཏོང་དགོས།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2015-09-06 10:16:16

ཆབ་མདོའི་བརྟན་ལྷིང་དེ་བོད་ཀྱི་བརྟན་ལྷིང་དང་འབྲེལ་བ་ཡོད་པ་མ་ཟད་ཁམས་ཡོངས་ཀྱི་བརྟན་ལྷིང་ལའང་ཤུགས་རྐྱེན་ཐེབས་ཀྱི་ཡོད། ཆབ་མདོས་ངེས་པར་དུ་ལྗོངས་ཏང་ཨུད་ཀྱི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་བརྟན་ལྷིང་དོན་གཉེར་དང་འཕེལ་རྒྱས་རེ་སྒུག་བྱེད་པའི་བསམ་འདུན་དང་མཐུན་པ་བྱས་ནས“བོད་སྐྱོང་བར་སྔོན་ལ་ཁམས་བདེ་འཇགས་ཡོང་བ་བྱེད་དགོས་པའི”ལོ་རྒྱུས་ཀྱི་འགན་འཁྲི་ལྕི་པོ་ཁུར་ཕོད་པའི་ཐོག་ནས་བརྟན་ལྷིང་སྲུང་སྐྱོང་གི་བསམ་བློའི་རྨང་གཞི་དང་། ལས་ཀའི་རྨང་གཞི། རྩ་འཛུགས་ཀྱི་རྨང་གཞི་བཅས་རྒྱུན་ཆད་མེད་པར་བརྟན་དུ་བཏང་སྟེ་ཆབ་མདོ་འདི་ཉིད་ཡུན་རིང་བརྟན་ལྷིང་དང་། རྒྱུན་སྲིང་བརྟན་ལྷིང་། ཕྱོགས་ཡོངས་ནས་བརྟན་ལྷིང་བཅས་ཡོང་བ་བྱེད་དགོས།

ནུས་ཤུགས་ཡོད་རྒུས་ཆབ་མདོའི་ཞི་མཐུན་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པར་ངོས་འཛིན་ཐད་ངེས་པར་དུ་ཚད་མཐོའི་གཅིག་གྱུར་རྒྱུན་འཁྱོངས་བྱེད་དགོས། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དེ་ཡུན་རིང་དང་། དཀའ་ཚེགས་ཆེ་བ། རྙོག་འཛིང་ཆེ་བ་བཅས་ཀྱི་ཆབ་སྲིད་ལས་འགན་ཞིག་རེད། ང་ཚོས་བློ་བརྟན་འགྱུར་མེད་ངང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་བསམ་བློ་དང་སློབ་གསོའི་བྱེད་སྒོ་སྤེལ་བའི་དགོས་ངེས་རང་བཞིན་དང་དགོས་གཏུགས་རང་བཞིན་ངོས་འཛིན་གང་ལེགས་བྱས་ནས་རིག་པ་དྭངས་གསལ་རྒྱུན་འཁྱོངས་ཀྱིས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྐོར་གྱི་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་མཛད་ཕྱོགས་སྲིད་ཇུས་རབ་དང་རིམ་པ་ལག་བསྟར་ནན་ཏན་བྱས་ནས་བསམ་བློ་གཅིག་གྱུར་དང་ངོས་འཛིན་མཐོར་གཏོང་གིས་ཁ་ཕྲལ་ལ་ངོ་རྒོལ་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་ཏན་ཏན་ཏིག་ཏིག་ངང་སྒྲུབ་དགོས།

ནུས་ཤུགས་ཡོད་རྒུས་ཆབ་མདོའི་ཞི་མཐུན་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པར་བྱ་ཐབས་དང་བྱེད་ཐབས་ནུས་ལྡན་སྤྱོད་དགོས། དྲིལ་བསྒྲགས་དང་། སློབ་གསོ། ཁྲིད་སྟོན། འགོག་ཟོན་བཅས་བྱ་རྒྱུ་ནི་དགོས་གལ་ཧ་ཅང་ཆེན་པོ་ཡོད་ཀྱང་དམིགས་བསལ་གྱི་དུས་བབ་དང་དམིགས་བསལ་གྱི་གནས་ཚུལ་འོག་བྱ་སྤྱོད་ངོ་མ་སྤེལ་དགོས་སར་བྱ་སྤྱོད་ངོ་མ་སྤེལ་བ་དང་བྱ་ཐབས་ནན་པོ་སྤྱོད་དགོས་སར་བྱ་ཐབས་ནན་པོ་སྤྱོད་པ་ལས་ལྷོད་གཡེང་གཏན་ནས་གཏོང་མི་རུང་། ཁ་ཕྲལ་ཕྱོགས་གཏོགས་གང་རུང་ཞིག་ཡིན་རུང་སྨྱོ་སྤྱོད་གཏན་ནས་བྱེད་དུ་འཇུག་མི་རུང་། རིམ་ཁག་ཏང་སྲིད་རྩ་འཛུགས་ཀྱིས་ངེས་པར་དུ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་དར་ཆ་མཐོན་པོར་བསྒྲེངས་ནས་སྔར་བས་རང་འགུལ་དང་འཕར་རྒོལ་རྣམ་པ་ལྡན་པའི་འཐབ་རྩོད་ཀྱི་བྱེད་ཐབས་ཐོག་ནས་དུས་བབ་གསར་པའི་འགྲན་སློང་སྣ་ཚོགས་ལ་ཁ་གཏད་གཅོག་དགོས།

ནུས་ཤུགས་ཡོད་རྒུས་ཆབ་མདོའི་ཞི་མཐུན་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པར་ངེས་པར་དུ་སྒྲིག་འཛུགས་དང་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་བར་ངེས་པར་དུ་སྲ་ཞིང་བརྟན་པའི་སྒྲིག་འཛུགས་དང་འགོ་ཁྲིད་ཐོག་ནས་འགན་ལེན་བྱས་ཏེ་གྲོང་ཁྱེར་ནས་རྫོང་དང་། ཤང(གྲོང་རྡལ)གྲོང་ཚོ་བཅས་བར་དང་ལས་ཁུངས་ནས་སློབ་གྲྭ་དང་། ཁེ་ལས། སྡེ་ཁུལ་བཅས་བར་ནི་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སྲ་ཞིང་བརྟན་པའི་འགོག་སྲུང་འཛིང་རགས་ཤིག་ཡིན་པར་བརྟེན་ཕྱོགས་གང་ཞིག་ཡིན་རུང་ཉམས་ཞན་དུ་གཏོང་མི་རུང་། རིམ་ཁག་ཏང་ཨུད་དང་སྲིད་གཞུང་དང་འགན་ནུས་སྡེ་ཚན་ཁག་གིས་ངེས་པར་དུ་སྒྲིག་འཛུགས་དང་འགོ་ཁྲིད་ཀྱི་སྒྲིག་གཞི་སྔར་བས་འཐུས་ཚང་དུ་གཏོང་བ་དང་། འགོག་ཟོན་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ལས་ཀའི་འགན་འཁྲི་དོན་འཁྱོལ་བཅས་བྱས་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཏན་ཏིག་དང་། གོ་རིམ་ལྡན་པ། གཏིང་ཟབ་བཅས་ཀྱི་ངང་སྤེལ་རྒྱུའི་འགན་ལེན་བྱེད་དགོས།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།