“ང་ཚོ་འདི་གར་སློབ་སྦྱོང་བྱ་རྒྱུ་བྱུང་བས་ཧ་ཅང་སྐྱིད་པོ་འདུག”

བོད་ལྗོངས་ཉིན་རེའི་ཚགས་པར།

| 2018-10-18 15:47:59

QQ截图20181017103817.png

ཟླ་10ཚེས་15ཉིན་གྱི་གཟའ་ཟླ་བའི་ཞོགས་པའི་ཆུ་ཚོད་9པར་ཐང་ཕུ་ཤང་སློབ་ཆུང་དུ་ཕྱིར་འཐེན་བྱས་རྗེས། སྤོ་ལོ་ཤང་གི་སློབ་ཆུང་དང་པོའི་སློབ་མས་ཐང་ཕུ་ཤང་སློབ་ཆུང་གི་སློབ་མ་དང་མཉམ་དུ་ལུས་རྩལ་ཐང་དུ་རྒྱལ་དར་སྒྲེང་བའི་མཛད་སྒོར་ཞུགས། དལ་གྱིས་སྒྲེང་བའི་སྐར་ལྔའི་དར་དམར་འོག་སྤོ་ལོ་ཤང་སློབ་ཆུང་དང་པོའི་སློབ་མ་ཚོ་ཕྱིར་འཐེན་བྱས་རྗེས་ཀྱི་སྤྲོ་སེམས་འཁོལ་བ་དང་། གྲུང་ཤ་དོད་པ། ནན་ཏན་བཅས་ཀྱི་བསམ་པའི་ཉམས་འགྱུར་ཡོངས་སུ་མངོན་པ་དང་འབྲེལ་ཁོང་ཚོའི་གཟའ་འཁོར་གསར་པའི་སློབ་སྦྱོང་འཚོ་བའང་འགོ་ཚུགས་པ་རེད།

ཐང་ཕུ་ཤང་སློབ་ཆུང་གི་ལོ་རིམ་གཉིས་པའི་འཛིན་གྲྭ་གཉིས་པར་ཕྲུ་གུ་ཚོས་སློབ་ཚན《ཀངྐ་ཆེ་ཐོག་ཁང་འཛེགས་པ》ནན་ཏན་ངང་སྦྱོང་བཞིན་ཡོད་པ་དང་སློབ་ཁང་དུ་སློབ་དེབ་ཀློག་པའི་སྒྲ་ལྷང་ལྷང་དུ་གྲགས། འཆད་སྟེགས་ཐོག་ཐང་ཕུ་ཤང་ཆ་ཚང་སློབ་ཆུང་གི་རྒྱ་ཡིག་དགེ་རྒན་བསོད་ནམས་མཚོ་མོས་ནག་པང་གི་ངོས་སུ་ཡི་གེ་འབྲི་བཞིན་ཡོད་པ་དང་། སློབ་ཁང་གི་སྟར་པ་མཇུག་ཤོས་སུ་དགེ་རྒན་གཞན་ཞིག་གིས་ངང་རྒྱུད་རིང་པོས་སློབ་མར་སློབ་ཚན་ཟུར་ཁྲིད་བྱེད་བཞིན་འདུག

“ང་ཚོའི་སློབ་མས་ཀྱང་སློབ་ཚན་འདི་སྦྱོང་དགོས་པས། ངས་འཛིན་གྲྭའི་ནང་ཁོང་ཚོར་ཟུར་ཁྲིད་བྱེད་པ་དང་སྦྲགས་ཐང་ཕུ་ཤང་གི་དགེ་རྒན་གྱི་སློབ་ཁྲིད་བྱེད་སྟངས་སློབ་སྦྱོང་བྱས་པ་ཡིན། ཕྲུ་གུ་ཚོ་སེམས་པ་སྐྱིད་པོའི་ངང་སློབ་སྦྱོང་བྱེད་པ་མཐོང་སྐབས་ང་རང་ཡང་བློ་བདེ་པོ་བྱུང”ཞེས་སྤོ་ལོ་ཤང་སློབ་ཆུང་དང་པོའི་ལོ་རིམ་གཉིས་པའི་འཛིན་གྲྭ་གཉིས་པའི་འཛིན་བདག་འཆི་མེད་ལྷ་མོས་བཤད།

“སློབ་གྲྭས་དངོས་ཡོད་གནས་ཚུལ་ལ་གཞིགས་ཏེ་སློབ་མ་དག་འཛིན་གྲྭ་མི་འདྲ་བར་བགོས་པ་དང་སློབ་ཁྲིད་དགེ་རྒན་དང་འཛིན་བདག་གིས་སློབ་མ་ཚོ་དང་མཉམ་དུ་སློབ་ཚན་འཚོག་གི་ཡོད”ཅེས་སྤོ་ལོ་ཤང་སློབ་ཆུང་དང་པོའི་སློབ་སྤྱི་དགེ་ལེགས་རྣམ་རྒྱལ་གྱིས་བཤད།

སྤོ་ལོ་ཤང་སློབ་ཆུང་དང་པོའི་སློབ་མར་སེམས་གསོ་གཏོང་བ་དང་ཕྲུ་གུ་ཚོ་གང་མགྱོགས་སློབ་སྦྱོང་དང་འཚོ་བའི་ཁོར་ཡུག་གསར་པར་འཕྲོད་ཆེད། ཐང་ཕུ་ཤང་སློབ་ཆུང་དང་སྤོ་ལོ་ཤང་སློབ་ཆུང་གིས་མཉམ་དུ་སྤྲོ་སྣང་ལྡན་པའི་ལུས་རྩལ་བྱེད་སྒོ་རབ་དང་རིམ་པ་སྤེལ་བར་ཕྲུ་གུ་ཚོ་ཕན་ཚུན་འཆམ་པོ་ཆགས་ནས་གྲོགས་པོ་ཡག་པོར་གྱུར་ཡོད།

“མིག་སྔར་སྤོ་ལོ་ཤང་སློབ་ཆུང་དང་པོའི་སློབ་མ་112ཐང་ཕུ་ཤང་སློབ་ཆུང་དུ་སློབ་སྦྱོང་བྱེད་ཀྱི་ཡོད། ད་དུང་སློབ་མ་མི་ཉུང་བ་ཞིག་གཅིག་རྗེས་གཉིས་མཐུད་ངང་སློབ་གྲྭ་དེར་སློབ་ཚན་འཚོག་པར་ཡོང་གི་ཡོད”ཅེས་དགེ་ལེགས་རྣམ་རྒྱལ་གྱིས་བཤད། འཇོ་མདའ་རྫོང་སློབ་གསོ་ཅུས་ཀྱིས་ཀྱང་དུས་ཐོག་ཏུ་ཕྲུ་གུ་ཚོར་གྱོན་ཆས་དང་ལྷམ་གསར་པ་གྲ་སྒྲིག་བྱས་ཡོད། ཕྲུ་གུ་ཚོས་གྱོན་ཆས་དང་ལྷམ་གསར་པ་གྱོན་ནས་འཛིན་གྲྭའི་ནང་གསར་དུ་ངོ་ཤེས་པའི་གྲོགས་པོ་ཚོ་དང་མཉམ་དུ་དགའ་སྤྲོའི་ངང་སློབ་སྦྱོང་བྱེད་ཅིང་། ཞི་མཐུན་དང་སྤྲོ་སྣང་ལྡན་པའི་རྣམ་པས་ཁེངས་ཡོད།

འདི་ནི་སྤོ་ལོ་ཤང་སློབ་ཆུང་དང་པོའི་སློབ་མ་ཚོས་ཐང་ཕུ་ཤང་སློབ་ཆུང་དུ་སློབ་ཚན་ཉན་པའི་གནས་ཚུལ་ཡིན་པ།


རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།