སྨར་ཁམས་ཀྱིས་ཞིམ་མངར་རྒུན་འབྲུམ་ཨ་རག་བསྙལ་ནས་ཕྱུག་འགྱུར་ལམ་བུར་བསྐྱོད་པ།

བོད་ལྗོངས་ཉིན་རེའི་ཚགས་པར།

| 2018-05-28 12:16:59

QQ截图20180528094934.png

སྙིང་དོན་གནད་བསྡུས།

“གྲོང་གསེབ་དར་རྒྱས་ཡོང་བ་བྱེད་དགོས་ན་འགག་རྩ་དེ་ཐོན་ལས་དར་རྒྱས་ཡོང་མིན་ལ་ཐུག་ཡོད”སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རང་ས་གནས་ཀྱི་ཐོན་ཁུངས་འཕེལ་རྒྱས་ཀྱི་ཁྱད་ལྡན་ཐོན་ལས་ལ་གཞི་ཚུགས་ནས་བྱ་ཐབས་སྣ་ཚོགས་སྤྱད་དེ་མང་ཚོགས་ཀྱི་ཡོང་འབབ་མང་དུ་གཏོང་དགོས་ཞེས་ཐེངས་མང་གསུངས་མྱོང་། ཉེ་བའི་ལོ་ཤས་རིང་རྒུན་འབྲུམ་ཨ་རག་མཚོན་བྱེད་དུ་བྱས་པའི“སྨར་ཁམས་ཀྱི་ཁྱད་རྟགས”ཀྱིས་ས་གནས་དེ་གའི་ཐོན་ལས་ལ་བརྟེན་ནས་ཕྱུག་འགྱུར་ཡོང་བ་བྱེད་པར་སྒུལ་ཤུགས་རྫོགས་མཐའ་མེད་པ་སྦྱིན་པ་མ་ཟད། རྒྱ་ཆེའི་མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བ་དང་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་བྱེད་པར་ཡངས་ཤིང་རྒྱ་ཆེ་བའི་ལམ་བུ་ཞིག་ཀྱང་བཏོད་ཡོད།

ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་དུ་ལོ་བརྒྱ་ལྷག་ཙམ་རིང་ཆུ་ཚན་ཁའི་འགྲམ་དུ་ཆགས་པའི་གྲོང་མི་རྣམས་ལ་རྒུན་འབྲུམ་ཨ་རག་སྙོལ་བའི་སྲོལ་ཞིག་འཇགས། “ཆུ་ཚན་རྒྱག་པའི་དུས་སུ་རྒུན་འབྲུམ་ཨ་རག་འཐུང་བ”ནི་ས་གནས་དེ་གའི་མང་ཚོགས་ཀྱི་ལུས་གསོ་སྟངས་ཤིག་ཡིན། འཛམ་གླིང་ཡང་རྩེར་འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་སུ་བསྙལ་བའི་རྒུན་འབྲུམ་ཨ་རག་ཁ་གང་འཐུང་བ་ཙམ་ལས་མི་རྣམས་ལ་མཚོ་བོད་ས་མཐོའི་དྭངས་གཙང་ཉི་འོད་དང་ཁམས་པའི་རིག་གནས་ཀྱི་ངོ་མཚར་མྱོང་རོལ་ཐུབ་ཀྱི་ཡོད།

ཉེ་བའི་ལོ་ཤས་རིང“གྲོང་ཚོ་གཅིག་ལ་སྤུས་རྟགས་གཅིག་དང་ཤང་གཅིག་ལ་ཁྱད་ཆོས་གཅིག”གི་འཕེལ་རྒྱས་བསམ་ཕྱོགས་གཞིར་བཟུང་། སྨར་ཁམས་རྫོང་གིས་གནམ་གཤིས་དང་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་བོད་ཤར་གཅེས་ནོར་ཨ་རག་ལས་རིགས་ཚད་ཡོད་ཀུང་སིས་གཙོ་བོ་བྱས་པའི་ས་མཐོའི་ཁྱད་ལྡན་རྒུན་འབྲུམ་ཨ་རག་ཐོན་ལས་ནུས་ཤུགས་ཡོད་རྒུས་བཏོད་དེ་ཞིང་ལས་ཀྱི་ཕན་ནུས་ཆེ་རུ་དང་། མང་ཚོགས་ལ་འབབ་འཕར། རྫོང་དེ་ཡོངས་ཀྱི་དཔལ་འབྱོར་སྤྱི་ཡོངས་ནས་འཕེལ་རྒྱས་བཅས་ཡོང་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ཡོད།

སྨར་ཁམས་རྫོང་བོད་ཤར་གཅེས་ནོར་ཨ་རག་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་བློ་བཟང་ཚེ་རིང་གིས་གཉེར་སྐྱོང་བྱས་ནས་ལོ་བཅུ་ཙམ་སོང་བའི་ཀུང་སི་དེར་ཉིན་ལྟར་ནམ་ལངས་མ་ཐག་སྐྱོད་ཀྱི་ཡོད།

2009ལོར་བཙུགས་པའི་ཀུང་སི་དེའི་རྒུན་འབྲུམ་ཨ་རག་གི་ཐོན་འབོར་དུས་ཐུང་ལོ་འགའ་ཞིག་ནང་ཏུན་7ནས་2017ལོའི་ཏུན་410བར་འཕར་ལ་ལོའི་ཐོན་ཚད་རིན་ཐང་ཡང་སྒོར་ཁྲི་4000ཙམ་ཟིན་གྱི་ཡོད།

འདི་ནི་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་བོད་ཤར་གཅེས་ནོར་ཨ་རག་ལས་རིགས་ཚད་ཡོད་ཀུང་སིའི་རྒུན་འབྲུམ་འདེབས་འཛུགས་རྟེན་གཞིའི་ཟུར་ཞིག་ཡིན་པ།

 ཐོན་འབོར་ཇེ་མང་དང་ཕན་འབྲས་ཇེ་ཆེར་སོང་བ་དང་དུས་མཚུངས། ས་ཆ་དེའི་དཔལ་འབྱོར་འཕེལ་རྒྱས་བྱུང་ལ་མང་ཚོགས་ཀྱང་ཕྱུག་འགྱུར་ལམ་དུ་བསྐྱོད་པ་རེད།

ཐོག་མར་ཀུང་སིས་ས་གནས་དེའི་དུད་ཚང་10དང་རྒུན་འབྲུམ་འདེབས་ཉོའི་གྲོས་མཐུན་ཡི་གེ་བཞག་པ་སྟེ། ཀུང་སིས་ས་གནས་དེ་གའི་ཞིང་དུད་ལ་རྒུན་འབྲུམ་འདེབས་པར་མཁོ་བའི་ཨར་འདམ་གྱི་དར་སྡོང་དང་། ལྕགས་སྐུད། ཆུ་འདྲེན་ཡོ་ཆས་སོགས་མཁོ་འདོན་བྱ་རྒྱུ་དང་། རྒུན་འབྲུམ་མ་བསྡུས་གོང་གི་ལོ་གཉིས་ནང་མུའུ་རེར་རྒུན་འབྲུམ་མ་སྨིན་གོང་གི་ཁ་གསབ་རོགས་དངུལ་སྒོར་2000སྤྲོད་རྒྱུ། རྒུན་འབྲུམ་སྨིན་རྗེས་ཀུང་སིས་རྒྱ་མ་རེར་སྒོར་5ཡི་གྲོས་མཐུན་རིན་གོང་གཞིར་བཟུང་ཚང་མ་ཉོ་སྒྲུབ་བྱ་རྒྱུ་བཅས་རེད།

རྒུན་འབྲུམ་ཨ་རག་གི་དགོས་མཁོ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་ཆབས་ཅིག རྒུན་འབྲུམ་ཨ་རག་ཐོན་སྐྱེད་ཀྱི་མ་བཅོས་རྒྱུ་ཆའི་གནད་དོན་ཐག་གཅོད་དང་ཞིང་འབྲོག་པ་དེ་བས་མང་བའི་འབབ་འཕར་ཕྱུག་འགྱུར་ལ་སྐུལ་ཁྲིད་བྱ་ཆེད། ཀུང་སིས་2012ལོ་ནས་བཟུང“ཀུང་སི་+རྟེན་གཞི་+ཞིང་དུད”ཀྱི་མངགས་འདེབས་བྱེད་སྟངས་ཁྱབ་གདལ་བཏང་སྟེ། ཞིང་འབྲོག་པ་དེ་བས་མང་པོར་རང་ཉིད་ཀྱི་ས་ཞིང་ཐོག་རྒུམ་འབྲུམ་འདེབས་རྒྱུའི་ལྕག་སྐུལ་བྱས་པས་འདེབས་འཛུགས་ཀྱི་གྲུབ་ཆ་ལེགས་སྒྲིག་ཐུབ་ལ་མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་ཡང་རྒྱ་ཆེར་སོང་ཡོད། ལོ་དེ་རང་ལ་ས་གནས་དེ་གའི་མང་ཚོགས་ལ་རྒུན་འབྲུམ་མུའུ་200ལྷག་ཙམ་འདེབས་རྒྱུའི་སྐུལ་ཁྲིད་བྱས་པ་རེད།

སྨར་ཁམས་རྫོང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རྒྱུན་ལས་རྫོང་དཔོན་གཞོན་པ་ཝང་ཏའེ་པིན་གྱིས་གསར་འགོད་པར། དེ་སྔོན་མང་ཚོགས་ཀྱིས་ནས་བཏབ་པར་ལོ་རེར་མུའུ་རེའི་ཡོང་འབབ་སྒོར་2000ཡང་ཟིན་གྱི་མེད། རྒུན་འབྲུམ་བཏབ་རྗེས་མུའུ་རེའི་ཐོན་ཚད་ཉུང་མཐར་ཡང་སྤྱི་རྒྱ་1000ཟིན་གྱི་ཡོད། སྨར་ཁམས་རྫོང་བོད་ཤར་གཅེས་ནོར་ཨ་རག་ཚད་ཡོད་ཀུང་སིས་ཁྲོམ་རའི་ཆ་སྙོམས་རིན་གོང་ལས10%ཡི་མཐོ་བའི་སྒོ་ནས་ཉོ་སྒྲུབ་བྱེད་ཅིང་། རྒུན་འབྲུམ་བཏབ་པའི་ཡོང་འབབ་ནས་བཏབ་པ་ལས་ཉུང་མཐར་ཡང་150%ཡིས་མང་བ་ཡོད། གཞན་ཡང་ཀུང་སིའི་རྟེན་གཞིས་ལོ་ལྟར་སྐབས་འཕྲལ་གླ་པ་མང་པོ་བསྡུས་ནས་སྡོང་ཡན་སྡོམ་པ་དང་། རྩྭ་ངན་འགོག་པ། རྒུན་འབྲུམ་འཐུ་བ། ལུད་རྒྱག་པ། ཆུ་གཏོང་བ་སོགས་ཀྱི་ལས་ཀ་བྱེད་དུ་བཅུག་སྟེ་ལོ་ལྟར་ས་གནས་དེ་གའི་ཞིང་འབྲོག་པར་ལས་ཀའི་གོ་སྐབས་མང་པོ་སྤྲད་ཡོད་ཅེས་བཤད།

2013ལོར་ཀུང་སིས“ཁེ་ལས་+མཐུན་ཚོགས་+རྟེན་གཞི་+ཞིང་དུད”བཅས་ཀྱི་ཐོན་ལས་ཅན་གྱི་རྣམ་པ་བཏོད་དེ་ལོ་ཧྲིལ་པོར་འཇང་མི་རིགས་དང་། རྨོག་ཤོད། ཆུ་ཚན་ཁ་བཅས་ཤང་གྲོང་གསུམ་སྣེ་ཁྲིད་ཀྱིས་རྒུན་འབྲུམ་མུའུ་2500བཏབ་པས་ས་གནས་དེ་གའི་མང་ཚོགས་ལ་ཡོང་འབབ་སྒོར་ཁྲི་2000ལྷག་ཙམ་རག་པ་དང་། 2015ལོར་འཇང་མི་རིགས་དང་། ཆུ་ཚན་ཁ། རྨོག་ཤོད་སོགས་ཀྱི་རྒུན་འབྲུམ་འདེབས་ཁྱོན་མུའུ་4000བར་འཕར་བ་དང་། ས་གནས་དེ་གའི་མང་ཚོགས་ཀྱི་སྣེ་ཁྲིད་ནས་རྒུན་འབྲུམ་བཏབ་པར་ཡོང་འབབ་སྒོར་ཁྲི་5000ལྷག་ཙམ་རག་ཅིང་། 2016ལོའི་ཟླ་ལྔ་པར་ཀུང་སིས“བདག་དམར་གཡང་དབུལ་སྐྱོར་གཞུང་ལས་ཁང”བཙུགས་ནས“གནད་སྨིན་དབུལ་སྐྱོར”དང་ཐོན་ལས་ཅན་གྱི་དབུལ་སྐྱོར་ལས་དོན་སོགས་ཤུགས་ཆེན་སྤེལ་བ་རེད།

“ཀུང་སིར་ད་ལྟ་ལས་མི་40ཡོད། ད་དུང་ལོ་ལྟར་ཞིང་འབྲོག་པ་གླ་པ་300ལྷག་ཙམ་བསྡུ་གི་ཡོད། མི་རེར་ལོ་རེར་འབབ་འཕར་སྒོར་8000ཡན་བྱུང་ཡོད”ཅེས་བློ་བཟང་ཚེ་རིང་གིས་སྤོབས་པ་དང་ལྡན་པར་བཤད།

“2013ལོ་ནས་བཟུང་ཀུང་སིའི་ཐུམ་སྒྲིལ་འཁོར་ཁང་དུ་ལས་ཀ་བྱས་པར་ཟླ་རེར་གླ་ཆ་སྒོར་5000ཙམ་འདུག དེས་མ་ཚད་རང་ཁྱིམ་དུ་རྒུན་འབྲུམ་མུའུ་4ཙམ་བཏབ་པར་ལོར་ཡོང་འབབ་སྒོར་ཁྲི་2ལྷག་ཙམ་འདུག”ཅེས་འཇང་མི་རིགས་ཤང་འཇང་གྲོང་ཚོའི་གྲོང་མི་བསོད་ནམས་ཆོས་འཛོམས་ཀྱིས་རང་ཁྱིམ་ལ་འགྱུར་ལྡོག་བྱུང་ཚུལ་དགའ་སྤྲོའི་ངང་བརྗོད།

ད་ཆ་རྒུམ་འབྲུམ་ཐོན་ལས་ཅན་དུ་བཏབ་པ་བརྒྱུད་མཚོ་བོད་ས་མཐོའི“གཙང་པོ་གཉིས”རྒྱུག་ཁུལ་དུ་དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་མུའུ་ཁྲི་ཡི་རྒུན་འབྲུམ་སྣོད་བཅུད་ཞིང་ལས་མཛེས་ལྗོངས་དེ་སྨར་ཁམས་རྫོང་གི་ཁྱད་ཆོས་ལྡན་པའི་ཡུལ་སྐོར་ཐོན་ཁུངས་ཀྱི་གྲས་ཤིག་ཏུ་གྱུར་ཡོད། “རྒུན་འབྲུམ་འདེབས་དང་། ཐོན་སྐྱེད། ཕྱིར་ཚོང་། ཡུལ་སྐོར”བཅས་གཙོ་རྐང་དུ་བྱས་པའི་ཐོན་ལས་འཁོར་འབྲེལ་ཞིག་ཆགས་ཤིང་། ཀུང་སི་དེས་རྒུན་འབྲུམ་ལས་རིགས་ལ་བརྟེན་ནས་ས་གནས་དེ་གའི་ཐོན་ལས་འཕེལ་རྒྱས་བཏང་སྟེ་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་ལ་བརྩོན་བཞིན་མཆིས།


རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།