ཆབ་མདོ་གྲོང་ཁྱེར་གྱིས་ཁྱད་ལྡན་ཞིང་འབྲོག་ལས་ལ་བརྟེན་ནས་དམངས་ལ་འབབ་འཕར་ཡོང་རྒྱུར་སྐུལ་འདེད་བཏང་བའི་སྐོར་གྱི་ཟུར་བྲིས།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2018-04-24 16:00:54

གླེང་གཞི།


2017ལོར། ཆབ་མདོ་གྲོང་ཁྱེར་གྱི་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྔོན་དཔག་བྱས་ན་སྒོར་9324ཟིན་རྒྱུ་ཡིན་པ་་དེ་2012ལོ་ལས་སྒོར་4962མང་དུ་ཕྱིན་ནས་87.9%འཕར་ཡོད། གྲོང་ཁྱེར་ཡོངས་ཀྱི་ཞིང་ལས་སྐྱེ་དངོས་འདེབས་ཁྱོན་2012ལོའི་མུའུ་ཁྲི་80.5ནས་2017ལོའི་མུའུ་ཁྲི་86.08བར་མང་དུ་ཕྱིན་ཡོད།

ད་ཕན་ལོ་ཤས་རིང་། ཆབ་མདོ་གྲོང་ཁྱེར་གྱིས་ཐོན་ཁུངས་ཀྱི་ལེགས་ཆ་དང་ཁྱད་ལྡན་ལེགས་ཆར་གཞི་ཚུགས་པ་དང“ལེགས་ཆའི་ས་ཁོངས་དང་། ཐོན་ཁུངས་ལེགས་པོ། སྔོན་ལ་མ་འཇོག སྔོན་ལ་འཕེལ་རྒྱས་གཏོང་བ”བཅས་ཀྱི་བསམ་ཕྱོགས་གཞིར་བཟུང་། དཔལ་འབྱོར་འཕེལ་རྒྱས་ཀྱི་ཤུགས་རྒྱག་གཞི་དངོས་ཚན་དཔལ་འབྱོར་ཐོག་འཇོག་པ་དང“གསོ་ཚགས་རྟེན་གཞི་ཆེན་པོ་ལྔ”དང“འདེབས་འཛུགས་རྟེན་གཞི་ཆེན་པོ་བདུན”ལག་ལེན་ཤུགས་ཆེན་བསྟར་བས་ས་ཁོངས་ཡུག་གཅིག་ཏུ་འབྲེལ་བ་དང་། ཐོན་ལས་གཞི་ཁྱོན་ཅན། ཐོན་ལས་བྲིན་འཚོང་ཞབས་ཞུ་ཁྲོམ་ར་ཅན། ཚན་རྩལ་ཁྱབ་གདལ་ཚད་ལྡན་ཅན། ཞིང་འབྲོག་ལས་སྐུལ་ཁྲིད་ཕན་ནུས་ཅན་བཅས་ཀྱི་ཞིང་འབྲོག་ཁྱད་ལྡན་ཐོན་ལས་ཀྱི་འཕེལ་རྒྱས་རྣམ་པ་ཞིག་ཆགས་ཡོད།

“གསོ་ཚགས་རྟེན་གཞི་ཆེན་པོ་ལྔ”ལ་བརྟེན་ནས་མཁོ་སྤྲོད་དང་

འབབ་འཕར་གཉིས་ཀར་ཕན་པ་ཡོང་བ་བྱས་པ།

གཞི་ཁྱོན་ཆུང་བ་དང་། མ་འཇོག་གི་ཕན་འབྲས་ཆུང་བ། ཁྱབ་འགྱེད་སྣེ་ཁྲིད་ཀྱི་ནུས་པ་ཞན་པ། མཁོ་སྤྲོད་ནུས་ལྡན་མེད་པ། ཐོན་ལས་ཀྱི་ངོ་བོ་གཅིག་མཚུངས་ཅན། རིགས་གཅིག་ཅན། འགྲན་རྩོད་ཀྱི་ནུས་པ་ཞན་པ་སོགས་ཀྱི་གནད་དོན་གྱིས་ཆབ་མདོ་གྲོང་ཁྱེར་གྱི་ཞིང་འབྲོག་ལས་འཕེལ་རྒྱས་ལ་འགོག་རྐྱེན་བཟོས་ཡོད། དེར་བརྟེན་ཆབ་མདོ་གྲོང་ཁྱེར་གྱིས་རྒྱལ་ཁབ་ཀྱི་སྲིད་ཇུས་དང་མ་དངུལ་གང་ལེགས་སྤྱད་ནས་འབྲི་གཡག་སྡོམ་གསོས་དང་། བ་གླང་གི་རྒྱུད་པ་ལེགས་བཅོས། ངག་དབང་གི་ལུག་གསོ་ཚགས། བོད་ཕག་གསོ་ཚགས། བྱ་རིགས་གསོ་ཚགས་སོགས་གཙོ་བོར་བྱེད་པའི“གསོ་ཚགས་རྟེན་གཞི་ཆེན་པོ་ལྔ”མངོན་གསལ་དོད་པོས་དམ་འཛིན་ཡག་པོ་བྱས་ཏེ་རང་ཉིད་ཀྱི་དགོས་མཁོ་བསྐངས་བ་དང་ཆབས་ཅིག ཞིང་འབྲོག་པའི་ཡོང་འབབ་ཀྱང་འཕར་བ་བྱས་ཡོད།

“འདེབས་འཛུགས་རྟེན་གཞི་ཆེན་པོ་བདུན”ལ་བརྟེན་ནས་འབབ་

འཕར་གྱི་ལམ་བུ་གསར་པ་སླར་ཡང་བཏོད་པ།

ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན། ཆབ་མདོ་གྲོང་ཁྱེར་གྱིས་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པ་དང་རང་འགུལ་ངང་འཚམ་པ་བྱེད་པ་དང“ཚང་མ་མཁོ་སྤྲོད་ཐུབ་པ་བརྒྱད”མངོན་འགྱུར་ཐུབ་པའི་རྨང་གཞིར་གཞི་ཚུགས་ནས་ཞིང་འབྲོག་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆ་ལེགས་སྒྲིག་ཧུར་ཐག་བྱས་པ་དང་འབྲེལ། ཞིང་འབྲོག་ལས་ཀྱི་འཕེལ་རྒྱས་ཆུ་ཚད་ཀྱང་མཐོ་རུ་བཏང་ཡོད། “གསོ་ཚགས་རྟེན་གཞི་ཆེན་པོ་ལྔ”ཕུད། འབྲུ་རིགས་སྐྱེ་དངོས་དང་། དཔལ་འབྱོར་སྐྱེ་དངོས། གཟན་རྩྭའི་སྐྱེ་དངོས། སྔོ་ཚལ། རྒུན་འབྲུམ། སྣོད་བཅུད་ནགས་ཚལ་བཅས་གཙོ་བོར་བྱེད་པའི“འདེབས་འཛུགས་རྟེན་གཞི་ཆེན་པོ་བདུན”བསྐྲུན་རྒྱུའང་དེའི་ཁྲོད་ཀྱི་བྱེད་ཐབས་གལ་ཆེན་ཞིག་རེད།

འབྲུ་རིགས་ནི་རྒྱལ་ཁབ་ཀྱི་རྩ་བ་ཡིན་པས། རི་མཐོ་ལུང་ཤུར་གྱི་་ཆབ་མདོའི་ངོས་ནས་བརྗོད་ན། འབྲུ་རིགས་འདང་ངེས་ཡོང་བ་བྱ་རྒྱུ་ནི་དགོས་གལ་ཤིན་ཏུ་ཆེ། འབྲུ་རིགས་སྐྱེ་དངོས་ཀྱི་ཐོན་ཚད་མང་དུ་གཏོང་ཆེད། ཆབ་མདོ་གྲོང་ཁྱེར་གྱིས“བོད་ནས་ཨང་2000”དང་། “ལྷོ་ཁའི་དགུན་འབྲུ་ཨང་བདུན་པ” “ཧི་མ་ལའི་ཨང་22” “དགུན་ནས་ཨང་18”སོགས་ཀྱི་སོན་བཟང་སྣ་ཁ་གསར་པ་ཁྱབ་གདལ་དང་། འབྲུ་རིགས་ལྗང་མདོག་ཐོན་མཐོ་ཕན་ཆེའི་གསར་གཏོད་དཔེ་སྟོན་ཞིང་ཁ། སོན་བཟང་གསོ་སྤེལ་རྟེན་གཞི་འཛུགས་སྐྲུན། ནས་ཀྱི་སྣ་ཁ་གསར་པ་ཚོད་ལྟ་སོགས་ཀྱི་རྣམ་གྲངས་ལག་ལེན་ཤུགས་ཆེན་བསྟར་ཞིང་། མིག་སྔའི་བར་གྲོང་ཁྱེར་ཡོངས་སུ་སོན་བཟང་ཁྱབ་གདལ་བཏང་བའི་ས་ཞིང་རྒྱ་ཁྱོན་མུའུ་ཁྲི་62.31ཟིན་ཡོད་པ་རེད།

གཞན་ཡང་། སྨར་ཁམས་རྫོང་གིས་འཇང་མི་རིགས་ཤང་དང་། ཆུ་ཚན་ཁ་ཤང་། རྨོག་ཤོད་ཤང་བཅས་སུ་ས་བབ་མཐོ་ཚད་སྨི་2600མན་གྱི་ས་སྟོང་གསར་སྦོལ་དང་རྨོ་ཞིང་མུའུ་6000ཟིན་པ། མ་དངུལ་སྒོར་ཁྲི་8256བཏང་སྟེ་མུའུ་3291གི་ཚ་ལུ་མ་མངར་མོའི་སྡོང་པོ་དང་། མུའུ་2321གི་སར་ཀུ་ཤུའི་སྡོང་པོ། མུའུ་386གི་སར་སེ་འབྲུའི་སྡོང་པོ་བཅས་བཙུགས་ནས་ཤིང་འབྲས་རྟེན་གཞི་ནུས་ཤུགས་ཡོད་རྒུས་བཏོད་པས་དུད་ཚང་542ཀྱི་མི་2437གྱི་མི་རེར་ཆ་སྙོམས་འབབ་འཕར་སྒོར་5000ནས་7000བར་ཡོང་བའི་སྐུལ་ཁྲིད་ཐུབ་རྒྱུ་ཡིན་པ་རེད།

བྱེད་སྟངས་གསར་གཏོད་ལ་བརྟེན་ནས་ཁྲོམ་རའི་སྒུལ་ཤུགས་གསར་པ་འཕེལ་བ་བྱས་པ།

ད་ཕན་ལོ་ཤས་རིང་། ཆབ་མདོ་གྲོང་ཁྱེར་གྱིས་ཁྲོམ་ར་ཕྱོགས་སྟོན་དུ་བྱས་ནས་ཐོན་ལས་དང་། ལས་སྣོན། བྲིན་ཚོང་བཅས་དང་ཁྲོམ་ར་སྦྲེལ་མཐུད་ནུས་ལྡན་ལ་ཤུགས་སྣོན་རྒྱག་པ་དང་། “ཀུང་སི་དང་། རྟེན་གཞི། ཞིང(འབྲོག)དུད”བཅས་མཉམ་ལས་བྱེད་པ་དང་། “རྟེན་གཞི་དང་། ཆེད་ལས་མཉམ་ལས་རྩ་འཛུགས། ཁྲོམ་ར”ཞིང་འབྲོག་ལས་ཀྱི་ཁྱད་ལྡན་ཐོན་ལས་བཅས་དང་ཐོན་ལས་གཉིས་པ་དང་གསུམ་པ་མཉམ་འདྲེས་འཕེལ་རྒྱས་སོགས་ཀྱི་བྱེད་ཐབས་ལ་སྐུལ་འདེད་ཧུར་ཐག་གཏོང་བ། དེ་སྔའི“ཞིང་ཆུ་རང་དགར་གཏོང་བ”ནས“ཐིགས་ཆུ་གཏོང་བའི”རྗེས་གསབ་བྱེད་སྟངས་སུ་བསྒྱུར་བ་བཅས་བྱས་ཏེ་ཆབ་མདོའི་ཁྱད་ལྡན་གྱི་བཏུང་བྱ་དང་། ཨ་རག་རིགས། ནགས་ཁྲོད་ཐོན་ཁུངས་བཅས་དང་ཁ་རུབ་ཀྱི་བོད་ཕག་དང་། ནིང་ནགས་ཀྱི་བོད་བྱ། རི་བོ་ཆེའི་ཚགས་ཤ་སོགས་ཐོན་རྫས་སྣ་ཁ་100ལྷག་ཙམ་ལ་ལས་སྣོན་བྱས་ནས་ཁྲོམ་རར་བཏོན་པ་རེད།

ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང“དེང་རབས་ཞིང་ལས་ཐོན་ལས་མ་ལག་དང་། ཐོན་སྐྱེད་མ་ལག གཉེར་སྐྱོང་མ་ལག་ལ་སོགས་པ་བཏོད་པ་དང་བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་གཞི་ཁྱོན་འོས་འཚམ་གྱི་གཉེར་སྐྱོང་འཕེལ་རྒྱས་བཏང་སྟེ་ཞིང་ལས་གཉེར་སྐྱོང་བྱེད་པོ་གསར་པ་སྐྱེད་སྲིང་དང་གྲོང་གསེབ་ཀྱི་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས”ཞེས་བཏོན་ཡོད། གོམ་སྟབས་རྗེས་མར་ཆབ་མདོ་གྲོང་ཁྱེར་གྱིས་གཞི་ཁྱོན་ཅན་དང་། ཚད་ལྡན་ཅན། རག་བསྡུས་ཞིབ་གཉེར་ཅན། ཁྲོམ་ར་ཅན་བཅས་ཀྱི་བླང་བྱ་གཞིར་བཟུང་། མཁོ་སྤྲོད་ཕྱོགས་དང་དགོས་མཁོའི་ཕྱོགས་གཉིས་ནས་གནད་སྨིན་ཤུགས་འདོན་དང་། རྒྱལ་ཁབ་ཀྱི་སྲིད་ཇུས་དང་མ་དངུལ་གང་ལེགས་སྤྱོད་པ་དང་ཡག་པོ་སྤྱོད་པ། “334”བྱེད་ཐབས་དར་སྤེལ་ཤུགས་ཆེན་གཏོང་བ། “གསོ་ཚགས་རྟེན་གཞི་ཆེན་པོ་ལྔ”དང“འདེབས་འཛུགས་རྟེན་གཞི་ཆེན་པོ་བདུན”མངོན་གསལ་དོད་པོས་དམ་འཛིན། “ཐོན་ལས་གཅིག་དང་། རིམ་སྤེལ་གཅིག ཐོན་རྫས་གཅིག སྤུས་རྟགས་གཅིག”མཐའ་འཁྱོངས་བཅས་བྱས་ནས་ཁྱད་ལྡན་ཞིང་འབྲོག་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་རྒྱུ་རེད།

པར་①ནི་མཛོ་སྒང་རྫོང་བལ་ཐོག་ཤང་རྒྱ་ལམ་གྲོང་ཚོའི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གི་ཁྱད་ལྡན་ཐོན་ཟོག་ཡིན་པ།

པར་② ནི་ལས་དོན་མི་སྣས་ནས་ཀྱི་ཏན་ཞིམ་ཐུམ་སྒྲིལ་བྱེད་པའི་གནས་ཚུལ་ཡིན།

པར་③ནི་ལྷོ་རོང་རྫོང་ཤོ་པ་མདོ་གྲོང་རྡལ་ཚལ་སྙོའི་ཆེད་ལས་མཉམ་ལས་ཁང་གིས་ཐོན་སྐྱེད་བྱས་པའི་ཚལ་བསྙལ་མ་ཡིན་པ།


རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།