ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཁ་རུབ་གྲོང་རྡལ་ཁ་རུབ་གྲོང་ཚོའི་དབུལ་སྒྲོལ་འགག་སྒྲོལ་གྱི་སྐོར་བཀོད་པ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2018-03-06 11:19:22

QQ截图20170917153550.png

↑ འདི་ནི་ཁ་རུབ་གྲོང་ཚོའི་ཡིག་ཚགས་དང་གཱ་བཟོས་པའི་བསྟན་འཛིན་སྒྲོལ་མས་ཇ་སྐོལ་བཞིན་ཡོད་པའི་གནས་ཚུལ་ཡིན་པ།

དབྱར་གྱི་ཉི་ཟེར་ཁྲོད་བཅར་འདྲི་ཚོགས་ཆུང་དང་བཅས་པ་ཆབ་མདོ་གྲོང་རྡལ་ནས་ཐོན་ཏེ་ཆབ་སྤང་གཞུང་ལམ་ཐོག་སྤྱི་ལེ་12བསྐྱོད་མཐར་ཁ་རུབ་ཆུས་ཁ་རུབ་གྲོང་རྡལ་ཁ་རུབ་གྲོང་ཚོར་འབྱོར།

ལོ་5000གི་གོང་དུ་གནས་དེར་མཚོ་བོད་ས་མཐོའི་ཡི་གེ་མ་བྱུང་གོང་གི་ལོ་རྒྱུས་དར་ཡོད་ལ་མཚོ་བོད་ས་མཐོའི་ཆེས་ཕུན་སུམ་ཚོགས་པའི་རྡོ་ཆས་གསར་མའི་དུས་རབས་ཀྱི་གནའ་ཤུལ་མཐོང་རྒྱུ་འདུག ད་ཆ་གནས་དེར་བསྐྱོད་སྐབས་སྲོལ་རྒྱུན་དང་དེང་རབས་ཟུང་དུ་འབྲེལ་བའི་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པའི་ཡར་ངོའི་ཟླ་ལྟར་འཕེལ་བའི་རྣམ་པ་ཞིག་མིག་ལམ་དུ་འཆར།

འཚོ་བ་སྐྱོ་བའི་དུད་ཁྱིམ།

ཐབ་ཚང་གི་སྒེའུ་ཁུང་ཐོག་བཞག་པའི་སྨན་དེ་ནི་བསྟན་འཛིན་སྒྲོལ་མས་རྒྱུན་དུ་ཟ་བའི་སྨན་རེད།

ཁྲག་ཤེད་མཐོ་བ་དང་། སྙིང་ནད། འཕོ་བའི་ནད་བཅས་ཕོག་ཡོད་པས་བསྟན་འཛིན་སྒྲོལ་མ་ཤ་རིད་དུ་ཕྱིན་ཡོད། ལོ་མང་ནད་ཕོག་པ་དང་སྨན་རིན་གྱི་ཁུར་པོ་ལྕི་བའི་ཁར་ཕྲུ་གུ་ཆུང་ཆུང་བཞི་ཡོད་པས་འཚོ་བར་དཀའ་ངལ་ཆེ་བར་བརྟེན་གྲོང་ཚོའི་དབུལ་སྐྱོར་བྱ་ཡུལ་དུ་གྱུར།

ན་ནིང་ཁ་རུབ་གྲོང་རྡལ་གྱིས་བསྟན་འཛིན་སྒྲོལ་མ་གནད་སྨིན་དབུལ་སྐྱོར་བྱ་ཡུལ་ནང་བཞག་པར་བརྟེན་ཡིག་ཚགས་དང་གཱ་བཟོས་པའི་རོགས་སྐྱོར་དུད་ཚང་དུ་གྱུར་ནས་འཚོ་བ་གསར་པ་སྐྱེལ་འགོ་ཚུགས།

བསྟན་འཛིན་སྒྲོལ་མས་གསར་འགོད་པར“རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོ་ཡོད་པས། ད་ཆ་སྨན་ཁང་དུ་བསྡད་ཀྱང་སྨན་རིན་སྤྲོད་དགོས་ཀྱི་མི་འདུག”ཅེས་བཤད་བྱུང་། གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་བྱེད་ཐབས་གསར་པ་ལག་བསྟར་བྱས་པར་བརྟེན་ཁོ་མོའི་ཟླ་རེའི་སྨན་རིན་སྒོར་400ལྷག་ཙམ་ནང་ནས་བཅུ་ཆ་དགུ་རྩིས་ཞུ་བྱེད་པ་དང་སྨན་ཁང་དུ་བསྡད་པའི་སྨན་རིན་རྒྱལ་ཁབ་ཀྱིས་ཚང་མ་རྩིས་ཞུ་བྱེད་ཀྱི་ཡོད་པས་ཁོ་མོའི་སེམས་ཁྲལ་རྦད་དེ་སེལ་ཐུབ་པ་བྱུང་ཡོད།

བསྟན་འཛིན་སྒྲོལ་མས་འདི་ལོའི་ཟླ་ལྔ་པར་ཁ་རུབ་ཆུས་སྨན་ཁང་དུ་བསྡད་པའི་སྨན་རིན་རྩིས་ཞུའི་སྨན་ཤོག་ང་ཚོར་བསྟན་སྐབས། དེའི་ནང་སྨན་ཁང་དུ་བསྡད་པའི་སྨན་རིན་ཁྱོན་སྒོར་4942ཐོབ་པའི་ནང་མཉམ་ལས་སྨན་བཅོས་ཀྱིས་སྒོར་3407རྩིས་ཞུ་བྱས་པ་དང་སྨན་བཅོས་རོགས་སྐྱོབ་ནས་སྒོར་1535རྩིས་ཞུ་བྱས་པས། བསྟན་འཛིན་སྒྲོལ་མས་དངུལ་ཧྥིང་གཅིག་ཀྱང་བཏོན་དགོས་བྱུང་མི་འདུག

ན་ནིང་བསྟན་འཛིན་སྒྲོལ་མའི་སྡོད་ཁང་འབྱོར་འབྲིང་དཔེ་སྟོན་གྲོང་ཚོའི་སྒྱུར་བཀོད་རྣམ་གྲངས་ནང་ཚུད་པ་དང་རྒྱལ་ཁབ་ཀྱིས་དངུལ་སྒོར་ཁྲི་4བཏང་ནས་སྡོད་ཁང་བརྟན་དུ་གཏོང་རྒྱུ་དང་གསང་སྤྱོད་ཀྱང་བསྐྱར་དུ་བརྒྱབ་པའི་ཐོག་ཕྱིའི་གྱང་དང་ནང་གི་གྱང་ངོས་སུ་དཀར་རག་བྱུགས་ནས་དེ་བས་དཀར་ཆ་དོད་པོར་གྱུར་ཡོད། སྡོད་ཁང་གསར་རྐྱང་དུ་གྱུར་པ་དང་སྒོ་ར་ཡང་གཙང་མ་ཡོད་པའི་ཐོག་གློག་ཆས་དང་ཁྱིམ་ཆས་གསར་པ་བསྒྲིགས་ཡོད་པས་བསྟན་འཛིན་སྒྲོལ་མའི་སེམས་ལ་བརྗོད་མི་ཤེས་པའི་དགའ་སྤྲོ་སྐྱེས།

ད་ཆ་བསྟན་འཛིན་སྒྲོལ་མའི་བཟའ་ཟླ་དང་བུ་རྒན་པ་དང་གཞོན་པ་ཕྱིར་ལས་ཀ་བྱེད་པར་འགྲོ་བར་བརྟེན་ཁོང་ཚོའི་འཚོ་བའི་ཆ་རྐྱེན་ལེགས་སུ་ཕྱིན་ཡོད། ས་གནས་སྲིད་གཞུང་གིས་ཕ་བུ་གསུམ་ལ་ནགས་སྲུང་གི་ལས་ཀ་སྤྲད་པ་དང་ལོ་རེར་མི་རེར་གླ་ཆ་སྒོར་3000ལེན་རྒྱུ་ཡོད།

ན་ནིང་ལོ་མཇུག་ཏུ་ཁོང་ཚོར་ཡོང་འབབ་སྒོར་ཁྲི་4ལྷག་ཙམ་བྱུང་བས་ནང་མི་ཚང་མའི་ངོ་གདོང་ནས་དགའ་བའི་འཛུམ་མདངས་འཕྱུར།

གླིང་བསྐྲུན་པས་ཡོང་འབབ་འཕར།

ཁ་རུབ་གྲོང་ཚོ་དང་བར་ཐག་སྨི་200ཡོད་པའི་འཁོད་སྙོམས་པའི་སྔོ་ཐིང་ཐིང་གི་སྟོང་ཆའི་ཐོག་བོད་ཤར་གྱི་ཁྱད་ཆོས་ལྡན་པའི་སྡོད་ཁང་ཆུང་ཆུང་ཁག་གཅིག་བརྒྱབ་འདུག་ལ་སྡོད་ཁང་ཚང་མའི་རྒྱབ་ཏུ་ཡོད་པའི་དྲོད་ཁང་དག་ཉི་འོད་ཁྲོད་དེ་བས་བཀྲག་མདངས་འཚེར་བཞིན་ཡོད་པ་དེ་ནི་ཁ་རུབ་སྣོད་བཅུད་ཞིང་ལས་གླིང་ཡིན།

དྲོད་ཁང་ནང་དུ་ཀྭ་རིགས་ཀྱི་དྲི་ཞིམ་འཐུལ་བ་དང་། རྒུན་འབྲུམ་དང་། ཀྲོ་མ་ཀྲུའུ། སོ་ལོ་སྔོན་པོ་སོགས་བཏགས་ནས་འདུག ཡིད་དགའ་བའི་རྣམ་པ་དེས་གྲོང་མི་མི་ཉུང་བ་ཞིག་དེ་གར་ཡུལ་སྐོར་བྱེད་པར་ཡོང་གི་ཡོད།

གྲོང་ཚོའི་ཀྲི་པུའི་ཧྲུའུ་ཅི་བུ་དགས་སྣོད་བཅུད་ཞིང་ལས་གླིང་དེར་རྒྱལ་ཁབ་ཀྱིས་སྒོར་ཁྲི་500ཙམ་བཏང་བ་དང“ཏང་ཀྲི་པུའུ་དང་། མཉམ་ལས་ཁང་། དུད་ཚང་དབུལ་པོ”བཅས་མཉམ་གཉེར་གྱི་བྱེད་ཐབས་སྤྱད་པ་དང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དེའི་ནང་ཞུགས་རྒྱུར་སྐུལ་ལྕག་བྱས་ཡོད། གླིང་བསྐྲུན་པར་བརྟེན་གྲོང་གསེབ་ཀྱི་ཡུལ་སྐོར་སྣེ་ཁྲིད་ཐུབ་པ་བྱུང་བའི་ཐོག་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དང་ངལ་རྩོལ་ནུས་ཤུགས་ལྷག་མའི་ལས་ཞུགས་ཐག་གཅོད་ཐུབ་པ་བྱུང་བའི་ཁར་ཡོང་འབབ་འཕར་ཐུབ་པ་བྱུང་ཡོད་ཅེས་བརྗོད།

གཞན་ཡང་ཁ་རུབ་གྲོང་ཚོར་ཨར་ལས་རུ་ཁག་དང་། སྲེག་མ་ར་བ། རྡོ་འཐག་ར་བ་སོགས་མཉམ་སྡེབ་དཔལ་འབྱོར་ཡོད་པར་བརྟེན་མང་ཚོགས་ཀྱི་ཡོང་འབབ་ལོ་རེ་བཞིན་མང་དུ་ཕྱིན་ཞིང་། 2015ལོར་ཁ་རུབ་གྲོང་ཚོའི་དུད་ཚང་དབུལ་པོའི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་1467ཟིན་པ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་འདུ་འགོད་ལག་བསྟར་བྱས་རྗེས་2016ལོའི་ལོ་མཇུག་ཏུ་དུད་ཚང་དབུལ་པོའི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་4991ཟིན་ནས་དུས་མཚུངས་ལས་240%འཕར་ཡོད་པ་རེད།

གྲོང་ཚོ་དར་བའི་ཐབས་ལམ།

ཁ་རུབ་གྲོང་ཚོར་བསྐྱོད་སྐབས་ཁྱད་ཆོས་ལྡན་པའི་གྲོང་མིའི་སྡོད་ཁང་དང་འཁོད་སྙོམས་པའི་གཞུང་ལམ་དག་མིག་གི་ལོངས་སྤྱོད་དུ་གྱུར་བཞིན་འདུག་ལ་གྲོང་མིའི་རིག་གནས་ཐང་ཆེན་ནས་སྙན་པའི་གླུ་དབྱངས་ལྷང་ལྷང་དུ་གྲགས་བཞིན་མཆིས། ཁ་རུབ་གྲོང་ཚོ་དེ་ཆབ་མདོ་གྲོང་ཁྱེར་གྱིས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་གཙོ་གནད་དུ་བཞག་ནས་འདི་ལོའི་ཟླ་གཉིས་པར་གྲོང་ཚོ་གསར་པ་བསྐྲུན་འགོ་ཚུགས་པ་དང་ད་ཆ་སྤྱིར་ན་བསྐྲུན་ཟིན། དུད་ཚང་30ཡོད་པའི་ནང་ནས་དུད་ཚང་25ནི་གྲོང་ཚོ་ཕྱི་ནས་སྤོས་པ་ཞིག་ཡིན་པའི་ནང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་བཅུ་ཡོད་པས་ད་ཆ་ཚང་མ་སྤོས་ཟིན་ཡོད།

2016ལོར་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་སྲིད་ཇུས་འོག་སྲིད་གཞུང་གི་ཁ་གསབ་རོགས་དངུལ་སྒོར་ཁྲི་10བཏང་ནས་ངག་དབང་ཆོས་སྐྱིད་ལ་ཁ་རུབ་གྲོང་ཚོར་སྨི་ངོས་གྲུ་168ཡོད་པའི་ཐོག་སོ་གཉིས་ཀྱི་ཁང་པ་གསར་པ་བརྒྱབ་པས་བདེ་སྐྱིད་འཚོ་བ་སྐྱེལ་འགོ་ཚུགས།

“རི་གྲོང་དུ་ཡུན་རིང་པོ་བསྡད་པ་དང་ཁང་པ་རྙིང་ལ་ཆུང་བས་གཞུང་ལམ་རྒྱུད་དུ་ཡོད་པའི་ཁང་པ་གསར་པར་སྤོ་སྐབས་སེམས་ནང་བརྗོད་མི་ཤེས་པའི་དགའ་སྤྲོ་ཞིག་ཡོང་གི་འདུག”རི་གྲོང་ནས་བྲལ་རྗེས་གྲོང་སྡོད་ལས་དོན་རུ་ཁག་གི་གྲོས་འགོའི་འོག་ངག་དབང་ཆོས་སྐྱིད་ཀྱི་བཟའ་ཟླ་ཁ་ལོ་བའི་རྒྱུགས་འཕྲོད་ནས་རླངས་འཁོར་གཏོང་ཆོག་པའི་ལག་ཁྱེར་རག་པ་དང་འབྲེལ་དངུལ་བུན་གཡར་ནས་དོས་སྐྱེལ་རླངས་འཁོར་རྙིང་པ་ཞིག་ཉོས་ཏེ་སྐྱེལ་འདྲེན་གྱི་ལས་ལ་གཞོལ་བས“ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་10ལྷག་ཙམ་རག་གི་འདུག”ཅེས་ངག་དབང་ཆོས་སྐྱིད་ཀྱིས་བཤད་བྱུང་།

གནས་སྤོས་ཡུལ་མི་གནས་ཐུབ་པ་དང་བདེ་སྡོད་ཡོང་བ་བྱ་ཆེད་སྲིད་གཞུང་གིས་བོད་སྐྱོར་མ་དངུལ་སྒོར་ཁྲི་1277བཏང་ནས་བཀོད་སྒྲིག་བྱེད་ཡུལ་གྱི་འགྲོ་ལམ་དང་། ཆུ་གློག རིག་གནས་དང་ལུས་རྩལ་སྒྲིག་ཆས། ལམ་སྒྲོན། སྔོ་ལྗང་སོགས་རྨང་གཞིའི་སྒྲིག་བཀོད་ལེགས་སུ་བཏང་བ་དང་། གྲོང་ཚོའི་ནང་དུ་མང་ཚོགས་ཀྱི་ལུས་སྦྱོང་བྱེད་སྒོ་ཐང་ཆེན་དང་། སྡེ་ཁུལ་གྱི་ཞབས་ཞུ་ལྟེ་གནས། རིག་གནས་ཐང་ཆེན་ཆུང་གྲས་སོགས་སྤྱི་པའི་ཞབས་ཞུའི་སྒྲིག་ཆས་ཡོད་པས་གནས་སྤོས་དུད་ཚང་གི་ཐོན་སྐྱེད་དང་འཚོ་བར་སྟབས་བདེ་བྱུང་ཡོད།

གྲོང་ཚོའི་ཀྲི་པུའུ་རྩ་འཛུགས་ཀྱི་ཨུ་ཡོན་བཅོ་ལྔ་ཚེ་རིང་གིས་རྣམ་གྲངས་ལག་བསྟར་བྱེད་པའི་བརྒྱུད་རིམ་ནང་མང་ཚོགས་གནས་བཟོད་བདེ་པོ་ཡོང་ཆེད་གཅིག་གྱུར་གནས་འདེམས་དང་། གཅིག་གྱུར་འཆར་འགོད་། གཅིག་གྱུར་འཛུགས་སྐྲུན། གཅིག་གྱུར་ཐོག་སྤྱི་པའི་རྨང་གཞིའི་སྒྲིག་བཀོད་ལྷན་སྦྱར་བཅས“གཅིག་གྱུར་བཞི”ཡི་རྩ་དོན་གཞིར་བཟུང་། གློག་མཁོ་འདོན་དང་ཆུ་མཁོ་འདོན། སྦགས་བཙོག་འབུད་པ། བཙོག་ཆུ་འབུད་པ་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་བསྐྲུན་པ་དང་གྲོང་ཚོའི་ལམ་དུད་ཚང་གི་སྒོ་འགྲམ་བར་བཟོས་ཡོད་ལ། གྲོང་ཚོ་རིམ་པའི་བྱེད་སྒོ་སྤེལ་ས་དང་། ལུས་སྦྱོང་ཐང་ཆེན། བུ་བཅོལ་ཁང་སོགས་སྤྱི་པའི་ཞབས་ཞུའི་སྒྲིག་ཆས་ཡོད་པ་རེད།

ཉིན་དགུང་ཁ་རུབ་གྲོང་ཚོ་ནས་ཐོན་སྐབས། ཚ་ཟེར་ཉི་འོད་འོག་ཁ་རུབ་གྲོང་ཚོ་དེ་ཉིད་དེ་བས་མཛེས་སྡུག་ལྡན་ལ་ལོ་ངོ་5000གི་ལོ་རྒྱུས་ལྡན་པའི་ས་གཞི་དེར་སྐྱེ་སྟོབས་ཀྱི་གསོན་ཤུགས་འཕེལ་བཞིན་མཆིས།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།