མཛོ་སྒང་རྫོང་གླད་དག་གྲོང་ཚོའི་སྐོར་གྱི་འཕྲིན་སྤེལ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2018-03-06 11:19:22

QQ截图20170904182915.png

འདི་ནི་གླད་དག་གྲོང་ཚོའི་ཇ་རྟ་གནའ་ལམ་གྱི་བདེ་སྐྱིད་འགྲུལ་ཁང་གི་སྦྱིན་བདག་འཇམ་དབྱངས་རིན་ཆེན་གྱིས་ཡུལ་སྐོར་བ་ཐོན་རྗེས་འགྲུལ་ཁང་ནང་ཉལ་གདན་གསར་པ་འདིང་བཞིན་པ།

ལེ་ཚན་བཏོད་པའི་གཏམ།

སྟོན་རླུང་དལ་བུར་ལྡང་བའི་འབྲས་ལྡན་སྟོན་གྱི་དུས་བཟང་འདིར་བཀྲ་ཤིས་པའི་གཏམ་བཟང་གྲགས་འོང་བ་སྟེ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་ཐོག་ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པ་2017ལོའི་ཟླ་10ཚེས་18ཉིན་པེ་ཅིང་དུ་འཚོག་རྒྱུའི་གྲོས་འགོ་བཏོན་པ་རེད།

དེ་རིང་ནས་བཟུང་འདི་ག་ཚགས་པར་ཐོག“སྤྲོ་སེམས་འཁོལ་བའི་ངང་ཚོགས་ཆེན་བཅུ་དགུ་པ་བསུ”ཞེས་པའི་ཆེད་སྒྲིག་ལེ་ཚན་བཏོན་ཏེ་ལས་རིགས་ཁག་གི་འབད་འབུངས་མདུན་སྐྱོད་ཀྱི་གསོན་ཉམས་དོད་པའི་ལག་ལེན་མཚོན་པ་དང་། མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོས་མཐུན་སྒྲིལ་འབད་འབུངས་བྱེད་པའི་རྣམ་པ་གསར་རྐྱང་མངོན་པར་བྱས་ཏེ་ཕུལ་བྱུང་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་རྒྱུ་ཡིན།

ཨར་ལས་རུ་ཁག་ཅིག་ལས་གྲོང་ཚོ་གཅིག་ཕྱུག་པོ་ཆགས་པ།

ཉེ་བའི་ལོ་ཤས་རིང་། མཛོ་སྒང་རྫོང་ཝ་མདའ་གྲོང་རྡལ་གླད་དག་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱིས་དབུལ་སྒྲོལ་འགག་སྒྲོལ་ལས་ཀ་དེ“དམངས་འཚོའི་འདུ་འགོད་ཨང་དང་པོར”བརྩིས་ཏེ་གྲོང་ཚོའི་གྲོང་མི་ཡོངས་ཀྱི་སྣེ་ཁྲིད་ནས་སྒུག་བརྟེན་མི་བྱེད་པར་རང་ཉིད་ཀྱི་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་འབབ་འཕར་ཕྱུག་འགྱུར་ཡོང་བ་བྱས་ཡོད། ཟླ་7པར་གསར་འགོད་པ་གླད་དག་གྲོང་ཚོར་བསྐྱོད་དེ་ཡུལ་དེའི་ཞིང་འབྲོག་པར་བཅར་འདྲི་བྱས་ནས་ཁོང་ཚོས་རང་ཉིད་ཀྱི་གནས་ཚུལ་གླེང་བ་རྣམས་ཉན་པ་ཡིན།

ཆར་པ་སིམ་སིམ་འབབ་ནའང་གསར་འགོད་པ་ཡ་མཚན་ཆེ་བའི་བསམ་པ་དང་སྤྲོ་སྣང་ཞིག་གིས་སྡོད་མི་ཐུབ་པར་རླངས་འཁོར་བཏང་སྟེ་རི་ཚོགས་དང་ཆུ་བོས་བསྐོར་བའི་ཝ་མདའ་གྲོང་རྡལ་གླད་དག་གྲོང་ཚོའི་བཟང་བློ་དབང་འདུས་ཀྱི་ཁྱིམ་ལ་བསྐྱོད་པ་ཡིན།

ན་སོ་དར་ལ་བབ་པའི་ཁོང་འདི་ལོ་ལོ་30ལ་སླེབས་པ་དང“80ནང་སྐྱེས”པ་ཞིག་ཡིན་ཞིང་། མིག་སྔར་གླད་དག་གྲོང་ཚོའི་ཞིང་འབྲོག་པའི་ཨར་ལས་རུ་ཁག་གི་རླངས་འཁོར་གཏོང་གི་ཡོད་པས་ཟླ་རེར་གླ་ཆ་སྒོར་6000ཡོད།

བཟང་བློ་དབང་འདུས་ཀྱི་ཁྱིམ་དུ་སླེབས་སྐབས་གསར་དུ་བརྒྱབ་མ་ཐག་པའི་ཁང་པ་དང་། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཁང་པའི་མཛེས་བཟོ། དེང་རབས་ཅན་གྱི་ཁྱིམ་ཆས་དང་གློག་ཆས་སོགས་ཚང་མ་འདུག ཁྱིམ་ཚང་དེ་ནི་གྲོང་ཚོའི་ནང་བདེ་སྐྱིད་ལྡན་པའི་ཁྱིམ་ཚང་ཕལ་པ་ཞིག་ཡིན། དེ་དག་ཐམས་ཅད་གྲོང་ཚོས་བསྐྲུན་པའི་མཉམ་སྡེབ་དཔལ་འབྱོར་ཏེ་ཞིང་འབྲོག་པའི་ཨར་ལས་རུ་ཁག་ལས་བྱུང་བ་ཞིག་རེད།

ཉེ་འགྲམ་གྱི་ཛེ་པ་གྲོང་ཚོའི་བུ་མོ་ཚེ་རིང་བདེ་སྐྱིད་2009ལོར་བཟང་བློ་དབང་འདུས་དང་མཉམ་དུ་རྫོང་གྲོང་དུ་བདལ་གཏོང་རླངས་འཁོར་གཏོང་སྐབས་ངོ་ཤེས་པ་དང་།

དེ་རྗེས་གཞོན་ནུ་གཉིས་དབར་བརྩེ་དུང་གི་མྱུ་གུ་འབུས་ཤིང་མཐར་གཉེན་སྒྲིག་བྱས། ཚེ་རིང་བདེ་ཤེས་ཀྱིས“ཁོང་གླད་དག་གྲོང་ཚོའི་ཨར་ལས་རུ་ཁག་གི་རླངས་འཁོར་གཏོང་གི་ཡོད་པ་ཤེས་རྗེས་དགའ་ཚོར་ཆེན་པོ་སྐྱེས་བྱུང་། གླད་དག་གྲོང་ཚོའི་ཕོ་གཞོན་རྣམས་ལས་ལ་བརྩོན་ཞིང་ཁྱིམ་ཚང་སྐྱོང་བར་མཁས་པས། ད་ཆ་ཁྱིམ་གྱི་ཡོང་འབབ་བརྟན་པོ་ཡོད་པ་མ་ཟད། ང་ཚོའི་འཚོ་བའང་ཧ་ཅང་བདེ་སྐྱིད་ལྡན”ཞེས་བཤད།

2006ལོ་ནས་བཟུང་། ན་སོ་དར་ལ་བབས་མ་ཐག་པའི་བཟང་བློ་དབང་འདུས་ཀྱིས་ཁ་ལོ་བའི་ལག་རྩལ་སྦྱངས་ཏེ་མཛོ་སྒང་རྫོང་དུ་བདལ་གཏོང་རླངས་འཁོར་བཏང་ནས་ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་གྱིས་འབད་འཐབ་བྱས་ཀྱང་དེ་དུས་འཕེལ་རྒྱས་དེ་ཙམ་ཕྱིན་མེད་པའི་བདལ་གཏོང་རླངས་འཁོར་ལས་རིགས་ལས་ཡོང་འབབ་མང་པོ་དེ་ཙམ་བྱུང་མེད།

ཉེ་བའི་ལོ་ཤས་རིང་། གྲོང་གསེབ་གསར་པ་འཛུགས་སྐྲུན་དང་དབུལ་སྐྱོར་འགག་སྒྲོལ་གྱི་ལས་དོན་ལག་ལེན་ཤུགས་ཆེན་བསྟར་བ་དང་སྦྲགས། གྲོང་ཚོའི་རྨང་གཞིའི་སྒྲིག་བཀོད་ཀྱི་རྣམ་གྲངས་མང་པོ་བསྐྲུན་སྟབས། གླད་དག་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱིས་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཞིང་འབྲོག་པའི་ཨར་ལས་རུ་ཁག་བཙུགས་ཏེ་ཁོང་ཚོ་ཚ་ཚ་འུར་འུར་གྱི་གྲོང་གསེབ་འཛུགས་སྐྲུན་བྱེད་པའི་ནང་ཞུགས་རྒྱུའི་སྐུལ་ཁྲིད་བྱས།

2012ལོའི་ཟླ་8པར་བཙུགས་ཤིང་། ཐོ་འགོད་མ་རྩ་སྒོར་ཁྲི་50ཟིན་པའི་གླད་དག་གྲོང་ཚོའི་ཞིང་འབྲོག་པའི་ཨར་ལས་རུ་ཁག་དེ་མང་ཚོགས་197ལས་གྲུབ་པ་དང་གྲོང་ཚོའི“ཨུ་ལྷན་གཉིས”དང་གྲོང་སྡོད་ལས་དོན་རུ་ཁག་གིས་རྣམ་གྲངས་གཅིག་གྱུར་སྒྲིག་འཛུགས་དང་། བཀོད་སྒྲིག ལག་བསྟར་བཅས་བྱེད་ཀྱི་ཡོད།

བཟང་བློ་དབང་འདུས་ཀྱི་བསམ་པར་རང་ཉིད་ཀྱིས་རླངས་འཁོར་གཏོང་ཤེས་པས་ཞིང་འབྲོག་པའི་ཨར་ལས་རུ་ཁག་ནང་ཞུགས་ཏེ་རང་ཡུལ་དུ་ལས་ཀ་བྱེད་ཐུབ་སྙམ་པ་དེར་བསམ་ཐོག་ཏུ་རྟ་རྒྱུག་པ་ཇི་བཞིན་བྱུང་སྟེ་ལག་རྩལ་བྱང་ཆུབ་པོར་བརྟེན་ནས་བདེ་བླག་ངང་དཔྱད་ཞིབ་ལོན་ཏེ་ཨར་ལས་རུ་ཁག་གི་རླངས་འཁོར་གཏོང་ཐུབ་པ་བྱུང་།

ལས་གྲྭ་མཇུག་འགྲིལ་རིམ་བཞིན་ཨར་ལས་རུ་ཁག་གིས་རུ་མིར་གླ་ཆ་སྤྲོད་པ་ཕུད་དེ་བྱིངས་ཀྱི་མ་དངུལ་ལྷག་འཕྲོ་རྣམས་ལོ་མཇུག་བར་བཅོལ་ཏེ་ཁེ་བཟང་མང་ཆེ་བ་མང་ཚོགས་ལ་བགོས་པ་ཕུད་ཁག་གཅིག་འཐེན་ནས་སང་ལོའི་འཁོར་སྐྱོད་མ་དངུལ་བྱེད་ཀྱི་ཡོད། དུས་ཐུང་ལོ་འགའ་ཤས་ནང་ཨར་ལས་རུ་ཁག་མགྱོགས་མྱུར་ཆུང་བ་ནས་ཆེ་བ་དང་ཉམས་ཞན་དང་སྟོབས་ཆེའི་བར་འགྱུར་ལྡོག་བྱུང་ཡོད། མིག་སྔར་ཨར་ལས་རུ་ཁག་ལ་སྲུབ་དཀྲུག་འཕྲུལ་འཁོར་དང་། འདར་འགུལ་འཕྲུལ་ཆས། གློག་གཏོང་འཕྲུལ་ཆས། ཤིང་གཅོད་འཕྲུལ་ཆས། ལྕགས་གཞོང་རླངས་འཁོར། ཐོ་ཕྲུག་སོགས་ཨར་ལས་ཀྱི་སྐྱེལ་འདྲེན་འཕྲུལ་འཁོར་70ལྷག་ཙམ་ཡོད།

གླད་དག་གྲོང་ཚོའི་ཨར་ལས་རུ་ཁག་གིས་དོ་དམ་ནུས་ལྡན་དང་འཐུས་སྒོ་ཚང་བའི་སྒྲིག་ཆས་ལ་གྲོང་ཚོ་དེ་ག་དང་ཉེ་འགྲམ་གྲོང་ཚོ་ཙམ་མ་ཟད། ཝ་མདའ་གྲོང་རྡལ་དུའང་བསྔགས་བརྗོད་བྱེད་མཁན་ཤིན་ཏུ་མང་བས། རུ་མིའི་ཡོང་འབབ་ཀྱང་དེ་མཚུངས་ཀྱིས་མང་དུ་ཕྱིན་ཏེ་དེ་སྔ་མི་རེར་ཉིན་རེར་སྒོར་བཅུ་ཕྲག་ཁ་ཤས་ལས་མེད་པ་ནས་ད་ཆ་མི་རེར་ཆ་སྙོམས་ཉིན་རེར་སྒོར་250བར་འཕར་བ་རེད།

“ཤ་ཚལ་སྒོང་གསུམ”ལས་ཁྱིམ་ཚང་གི་ཡོང་འབབ་མང་དུ་ཕྱིན་པ།

གྲོང་ཚོ་ནས་རྒྱལ་ལམ་318རྒྱུད་དུ་བསྐྱོད་སྐབས་ཐག་རིང་ནས་གྲོང་ཚོའི་སྔོ་ཚལ་དྲོད་ཁང་ཆེ་མོ་མཐོང་གི་འདུག

“ང་ཚོས་ཐབས་བརྒྱ་ཇུས་སྟོང་ངང་མང་ཚོགས་རྣམས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བ་བྱས་ཏེ་མི་སེར་གྱི་ཡིད་ཆེས་ཆུད་ཟོས་སུ་གཏན་ནས་གཏོང་མི་ཉན”ཞེས་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ཉི་མ་བློ་བཟང་གིས་དེ་ལྟར་བཤད།

གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་རྣམ་གྲངས་ཤིག་ཡིན་པའི་ངོས་ནས་གླད་དག་གྲོང་ཚོས་སྒུག་བརྟེན་མི་བྱེད་པར་འདེབས་འཛུགས་ལས་རིགས་འཕེལ་རྒྱས་བཏང་སྟེ་མང་ཚོགས་རྣམས་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུའི་ཐག་བཅད། 2015ལོར་གླད་དག་གྲོང་ཚོའི་གྲོང་སྡོད་ལས་དོན་རུ་ཁག་གིས་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་སྣེ་ཁྲིད་དེ་འབྲེལ་ཡོད་སྡེ་ཚན་དང་མཐུན་སྦྱོར་ཧུར་ཐག་གིས་མ་རྩ་སྒོར་ཁྲི་291རག་ཐབས་བྱས་ནས་ས་ཆའི་རྒྱ་ཁྱོན་མུའུ་40ཟིན་པའི་ཉི་འོད་དྲོད་ཁང་ཆེ་མོ་30བརྒྱབ། དུད་ཚང་4རེར་དྲོད་ཁང་ཆེ་མོ་1རེ་སྤྲོད་པའི་ཚད་གཞི་གཞིར་བཟུང་། དྲོད་ཁང་ཆེ་མོ་དུད་ཚང་སོ་སོར་བགོས་ཏེ་མང་ཚོགས་ལ་རང་མོས་ངང་འདེབས་འཛུགས་དང་གཡོག་བྱེད་བྱེད་དུ་བཅུག་པས་དུད་ཚང་117དང་མི་716ལ་ཕན་ཐོགས་བྱུང་བ་རེད།

གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ཉི་མ་བློ་བཟང་གིས“དྲོད་ཁང་དེའི་བདག་པོ”ནི་མཉམ་འགོག་ཙུའུ་ཀྲང་རེད་ལ་ཁོང་གིས་དྲོད་ཁང་ཆེ་མོའི་གཉེར་སྐྱོང་དོ་དམ་གྱི་ཞིབ་ཕྲའི་འགན་འཁུར་གྱི་ཡོད། ང་ཚོས་དྲོད་ཁང་ཆེ་མོ་30དེ་དག་ཁུལ་10ལ་བགོས་ནས་ཁུལ་རེར་མཉམ་འགོག་ཙུའུ་ཀྲང་རེ་བསྐོས་པ་དང་། མཉམ་འགོག་ཙུའུ་ཀྲང་གིས་དུད་ཚང་བཞིའི་མང་ཚོགས་ལ་དྲོད་ཁང་རེའི་འགན་ཆ་ཚང་འཁུར་དུ་བཅུག་གི་ཡོད་ཅེས་ངོ་སྤྲོད་བྱས།

སྔོ་ཚལ་སྣ་ཚོགས་བཏུས་རྗེས་གཞུང་ལམ་ལམ་རྒྱུད་ཀྱི་ཤང་གྲོང་དང་དེ་བཞིན་མཛོ་སྒང་རྫོང་གྲོང་གི་ཁྲོམ་རའི་ཐོག་བཙོངས་ཏེ་མང་ཚོགས་ལ་དངུལ་སྨར་ཡོང་འབབ་རག་ཐབས་བྱེད་ཀྱི་ཡོད།

ཉི་མ་བློ་བཟང་གིས“གྲོང་མིས་གཡོག་བྱེད་དང་། འདེབས་འཛུགས། བྲིན་ཚོང་བཅས་བྱས་པ་བརྒྱུད། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་16དང་མི་45དབུལ་སྒྲོལ་ཡོང་བར་སྐུལ་ཁྲིད་ཐུབ་ཡོད”ཅེས་མང་ཚོགས་ལ་ཕན་ཐོགས་བྱུང་ཚུལ་རྣམས་གསར་འགོད་པར་རེ་རེ་བཞིན་བཤད།

“བོད་ཁྱིམ་སྤྲོ་སྐྱིད་ཁང”ལས་ཡུལ་དེའི་མི་རྣམས་ཕྱུག་པོར་གྱུར་པ།

“རྒྱལ་ལམ་མཛེས་ཤོས318”ནི་ཡུལ་སྐོར་བས་གླེང་མང་བའི་སྐད་ཆ་ཞིག་རེད།

ད་ཆ་ཡུལ་སྐོར་ཡོང་འབབ་གསོག་རྒྱུ་དེ་ཝ་མདའ་གྲོང་རྡལ་གླད་དག་གྲོང་ཚོའི་དུད་ཚང་མི་རེ་ངོ་རེའི་ལས་ཀ་གཙོ་བོར་གྱུར་ཡོད།

2014ལོ་ནས་བཟུང་། མང་ཚོགས་སྒྲིག་འཛུགས་བྱས་ཏེ་བོད་ཁྱིམ་སྤྲོ་སྐྱིད་ཁང་112བཙུགས་པར་བསྡོམས་མ་རྩ་སྒོར་ཁྲི་89.4བཏང་བ་དང་། རིམ་རྩིས་བྱས་ན་ཡུལ་སྐོར་བ་6000ལྷག་ཙམ་ལ་སྣེ་ལེན་ཞུས་པ་དང་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་18.09བྱུང་ཡོད།

“བོད་ཁྱིམ་སྤྲོ་སྐྱིད་ཁང་གི་ཁྱིམ་ཚང་མགྲོན་ཁང་གཉེར་སྐྱོང་བྱེད་སྐབས་ཡོང་འབབ་མང་ཤོས་ལ་དུད་ཚང་རེར་ལོ་རེར་སྒོར་ཁྲི་5ལྷག་ཙམ་ཡོང་བ་དང་ཉུང་ཤོས་ལའང་སྒོར་སུམ་སྟོང་ལྷག་ཙམ་ཡོང་གི་ཡོད་པས། ཆ་སྙོམས་བྱས་ན་དུད་ཚང་རེར་ཡོང་འབབ་སྒོར་ལྔ་སྟོང་ཡས་མས་བྱུང་ཡོད”ཅེས་བློ་བཟང་དབང་འདུས་ཀྱིས་དེ་ལྟར་བཤད།

གྲོང་མི་འཇམ་དབྱངས་རིན་ཆེན་ཁྱིམ་གྱིས་གཉེར་བའི་བོད་ཁྱིམ་སྤྲོ་སྐྱིད་ཁང་གི་མགྲོན་ཁང་ནང་གསར་འགོད་པས་གྲལ་སྟར་འགྲིག་པའི་ཉལ་ཁྲི་དང་དཀར་ཞིང་གཙང་བའི་མལ་ཆས་དང་དེ་བཞིན་གསང་སྤྱོད་དང་འཁྲུད་ཁང་སོགས་གང་དགོས་ཅི་འཛོམས་ཡོད་པ་མ་ཟད། ཁང་པ་རེར་ཉལ་ཁྲི་2ནས་6བར་ཆེ་ཆུང་ལྟར་བསྒྲིགས་ཡོད་པ་མཐོང་བྱུང་། ཤེས་རྟོགས་བྱུང་བར་གཞིགས་ན། འཇམ་དབྱངས་རིན་ཆེན་གྱི་མགྲོན་ཁང་དུ་ཁྱོན་བསྡོམས་ཉལ་ཁྲི་18ཡོད་པ་དང་། འགྲུལ་པས་དེ་གར་ཞག་སྡོད་བྱས་ཚེ་ཉལ་ཁྲི་རེར་སྒོར་30ཡིན་པ་དང་། གལ་ཏེ་དེ་གར་དགོང་ཟས་བཟས་ཚེ་མི་རེར་སྒོར་20ཐོལ་པ་བསྡུ་གི་ཡོད།

ཡངས་ཤིང་རྒྱ་ཆེ་བའི་ཚོམས་ཆེན་དུ་འཇམ་དབྱངས་ཚེ་རིང་དང་ཉེ་བའི་ལོ་ཤས་རིང་གི་གཏམ་རྒྱུད་གླེང་བ་མ་ཟད་འབྱུང་འགྱུར་ཡང་གླེང་བ་ཡིན། འཇམ་དབྱངས་ཚེ་རིང་གིས་སྤོབས་པ་ཆེན་པོས་སྒོའི་སྟེང་གི“གྲོང་གསེབ་ཀྱི་ཡུལ་སྐོར་དཔེ་སྟོན་དུད་ཚང”གི་བྱང་བུར་མཛུབ་མོ་བཙུགས་ཏེ་ངའི་མགྲོན་ཁང་ནི་2008ལོར་གྲོང་ཁྱེར་ཡུལ་སྐོར་ཅུས་ཀྱིས་བྱང་བུ་སྤྲོད་ཐེངས་དང་པོའི་མགྲོན་ཁང་3གྱི་གྲས་ཤིག་ཡིན། དང་ཐོག་བསམ་བློ་གུ་དོག་པ་དང་། གཉེར་སྐྱོང་འདུ་ཤེས་དྲིལ་བསྒྲགས་འདུ་ཤེས་ཟབ་མོ་མེད་པ་སོགས་ཀྱི་རྐྱེན་གྱིས་ལོ་ལྟར་ཡོང་འབབ་སྒོར་སྟོང་ཕྲག་ཁ་ཤས་ལས་མེད་ཅེས་བཤད།

“གྲོང་ཁྱེར་ཡུལ་སྐོར་ཅུས་ཀྱིས་ང་ཡུལ་སྐོར་ལས་རིགས་ཀྱི་རྟོག་ཞིབ་སློབ་སྦྱོང་བྱེད་སྒོར་སྔ་རྗེས་སུ་ཐེངས་3ཞུགས་སུ་བཅུག་བྱུང་། 2008ལོར་ཁ་རུབ་ཆུས་ཐང་སྐྱ་གྲོང་ཚོ་དང་འཇོ་མདའ་རྫོང་སྐམ་ཐོག་གྲོང་རྡལ་དུ་རྟོག་ཞིབ་བྱེད་པར་བསྐྱོད་པ་དང་། 2012ལོར་སྨར་ཁམས་རྫོང་འཇང་མི་རིགས་ཤང་ཚྭ་ཁ་ལྷོ་མཛེས་ལྗོངས་ཁུལ་དང་ཆུ་ཚན་ཁ་ཤང་དུ་བསྐྱོད་པ། 2013ལོར་ཡུན་ནན་སེམས་ཀྱི་ཉི་ཟླ་དང་ལིས་ཅང་དུ་བསྐྱོད་པ་ཡིན། ས་ཆ་གཞན་གྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་འགྲོ་ཚུལ་ལ་བལྟས་རྗེས་ངར་མྱོང་ཚོར་ཟབ་མོ་བྱུང་ལ་ངའི་བློ་སྒོའང་ཕྱེ་སོང”ཞེས་བཤད།

འཇམ་དབྱངས་རིན་ཆེན་ཕ་ཡུལ་དུ་ལོག་རྗེས་ཡུལ་སྐོར་ཐད་བྱ་ཐབས་སྤྱོད་རྒྱུའི་བློ་ཐག་བཅད་པ་སྟེ། རྒྱལ་ལམ་འགྲམ་དུ་མགྲོན་ཁང་གི་བརྡ་སྦྱོར་སྦྱར་བ་དང་། འཁྲུད་ཁང་དང་གསང་སྤྱོད་ཉམས་གསོ་བྱས་པ་མ་ཟད་དགོང་ཟས་ཀྱང་མཁོ་འདོན་བྱེད་ཀྱི་ཡོད། སྒྲིག་བཀོད་ཟམ་མི་ཆད་པར་འཐུས་ཚང་དང་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་བ་བརྒྱུད་ལོ་དེ་དག་ནང་ཡུལ་སྐོར་བ་མི་ཉུང་བ་ཞིག་གི་ཡིད་དབང་བཀུག་ཡོད་པ་རེད།

“2014ལོར་ཡོང་འབབ་སྒོར་ཁྲི་2ལྷག་ཟིན་ནས་ཡོང་འབབ་མང་ཤོས་བྱུང་བའི་ལོ་ཞིག་རེད། ད་ཆ་གནམ་གཤིས་དྲོ་རུ་སོང་བ་དང་སྦྲགས། ཡུལ་སྐོར་བྱེད་མཁན་ཡང་མང་དུ་ཕྱིན་པ་དང་། མི་མི་ཉུང་བ་ཞིག་རྐང་འཁོར་དང་སྒེར་འཁོར་སོགས་བཏང་ནས་འདི་གར་ཡོང་གི་འདུག་པས་འདི་ལོའི་ཡོང་འབབ་ཀྱང་མི་དམན་པ་ཞིག་ཡོང་ངེས་རེད”ཅེས་འཇམ་དབྱངས་རིན་ཆེན་གྱིས་བཤད།


རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།