སྤུ་ཧྲེང་འཁོར་ཆགས་ཀྱི་བུད་མེད་རྒྱན་གོས།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2015-06-01 09:51:06

176767_yis_1432786838823.jpg

སྟོད་མངའ་རིས་སྐོར་གསུམ་ཏེ་སྤུ་ཧྲེང་དང་། མང་ཡུལ། ཟངས་དཀར་བཅས་གསུམ་གྱི་ཡ་གྱལ་སྤུ་ཧྲེང་ཁུལ་དུ་གནས་པའི་འཁོར་ཆགས་གྲོང་ཚོ་ནི་བོད་ཀྱི་ལྷོ་ནུབ་མཚམས་ཀྱི་རི་བོ་ཧི་མ་ལ་ཡའི་ལྷོ་ངོས་གྲོག་རོང་ཁུལ་གྱི་ཀྲུང་གོ་དང་། རྒྱ་གར། བལ་ཡུལ་བཅས་རྒྱལ་ཁབ་གསུམ་འབྲེལ་མཚམས་སུ་གནས་ཡོད། དེ་ཁུལ་ནི་བོད་སིལ་བུར་གྱུར་རྗེས་བཙན་པོ་འོད་སྲུང་གི་རྒྱུད་པ་སྐྱིད་ལྡེ་ཉི་མ་མགོན་སྟོད་མངའ་རིས་ཕྱོགས་སུ་བྲོས་དགོས་བྱུང་བས་དེའི་སྲས་གསུམ་གྱིས་དེ་གར་སྤུ་ཧྲེང་སོགས་ལ་དབང་སྒྱུར་བྱེད་འགོ་བཙུགས་ཤིང་། ཁུལ་དེ་ནི་བསྟན་པ་ཕྱི་དར་དུས་ཀྱི་རིག་གནས་ཀྱི་ལྟེ་བར་གྱུར། འདིར་འཆད་བྱའི་བུད་མེད་ཀྱི་རྒྱན་གོས་དག་ནི་དམིགས་བསལ་གྱི་རིག་གནས་རྒྱབ་ལྗོངས་ལས་བྱུང་བ་ཞིག་ཡིན་པ་དང་དུས་རབས་11ཙམ་ལ་དར་འགོ་ཚུགས་པར་གྲགས་པས་ད་བར་དུ་ལོ་ངོ་800ལྷག་ཙམ་གྱི་ལོ་རྒྱུས་ཡོད་པ་རེད། འཁོར་ཆགས་ཀྱི་བུད་མེད་རྒྱན་གོས་ལས་གྱོན་ཆས་ཀྱི་རྒྱུ་ཆ་གཙོ་བོ་ནི་གོས་ཆེན་དང་། སྲམ་ལྤགས། ཚ་རུ། སྣམ་བུ་སོགས་ལས་གྲུབ་པ་དང་། དེའི་རྒྱན་ཆ་རྣམས་ནི་གསེར་དངུལ་དང་། གཡུ་བྱུར་སོགས་རིན་ཆེན་ཤ་སྟག་ལས་གྲུབ་ཡོད་ཅིང་། རྒྱན་གོས་དེ་དག་གི་བཟོ་ལྟ་དམིགས་བསལ་ཆེ་བ་དང་། ཚོན་མདོག་རྣམ་པར་བཀྲ་བས་གངས་ལྗོངས་ཀྱི་རྒྱན་གོས་རིག་གནས་ཁྲོད་དུ་གནས་བབ་མཐོ་པོ་བཟུང་ཡོད།

དེ་ཡང་སྤུ་ཧྲེང་རྫོང་འཁོར་ཆགས་ཀྱི་བུད་མེད་རྒྱན་གོས་ཀྱི་སྐོར་མདོ་ཙམ་བརྗོད་ན། གྱོན་ཆས་དང་རྒྱན་ཆ་གཉིས་ལས་གྱོན་ཆས་ལ་རིགས་ཆེ་བ་མི་འདྲ་བ་བཞི་ལས་གྲུབ་ཡོད་དེ། དེ་ཡང་སྣམ་བུ་རྫ་མདོག་ཀྱིས་བཟོས་པའི་ཕྱུ་པ་དང་། གོས་ཆེན་ལས་བཟོས་པའི་སྟོད་ལྷེ། འཇའ་ལྷམ། སྐེད་རགས་བཅས་ལས་གྲུབ་ཡོད་ལ། གྱོན་པ་དེ་དག་ཚང་མ་སྤུས་དག་པོ་ཤ་སྟག་ཡིན་པས་ལྗིད་ཚད་ལ་རྒྱ་མ་བརྒྱད་ཙམ་ཟིན་གྱི་ཡོད་པ་རེད། འཁོར་ཆགས་བུད་མེད་ཀྱི་རྒྱན་ཆའི་རྣམ་གྲངས་དང་རིན་ཐང་ཚང་མ་ཧ་ལས་དགོས་པ་ཞིག་ཡོད་ལ་རང་སོའི་འཁོས་ཀར་མི་བལྟོས་པར་ཞིབ་ཕྲའི་ཚད་གཞི་གཏན་འཁེལ་བྱས་ཡོད་ཅིང་། དེ་ཡང་རྣ་ལོང་དང་། དཔྲལ་ཐོད་ཀྱི་འདོགས་རྒྱན། གའུ་གྲུ་བཞི་རེ་དང་སྒོར་མོ་རེ། ཉ་ཕྱིས་ཀྱི་ཕྲེང་བ་རེ་བཅས་རྒྱན་ཆ་རིགས་མི་འདྲ་བ་བཅོ་ལྔ་ལས་གྲུབ་ཡོད་པ་དེ་དག་བཟོ་བར་ད་དུང་རིན་པོ་ཆེའི་རིགས་ཀྱི་གྲངས་ཚད་གཏན་འཁེལ་གྱིས་རྫུལ་གྲངས་502དང་། བྱུ་རུ་རྡོག་1519 མུ་ཏིག་རྡོག་3708 དེ་བཞིན་གཡུ་རྡོག་904སོགས་ཁྱོན་རིན་པོ་ཆེའི་གྲངས་6814དགོས་པ་མ་ཟད། གསེར་དངུལ་གཏོང་ཚད་ཡང་གཏན་འབེབས་ནན་པོ་བྱས་ཡོད་པས་རྒྱན་ཆ་ཆ་ཚང་གི་ལྗིད་ཚད་ཧ་ལམ་རྒྱ་མ་བཅུ་གསུམ་ཙམ་ཡོད། ལྷག་པར་དུ་དམིགས་བསལ་ཆེ་བའི་མགོ་རྒྱན་དང་དཔུང་པ་གཡས་པར་གཤོག་པའི་དབྱིབས་ཀྱི་འདོགས་ཆས་ཤིག་ཀྱང་ཡོད་པ་རེད། རྒྱན་གོས་དེ་དག་ནི་དེ་སྔ་ཕོ་བྲང་ནང་ཤོན་འཁྲབ་སྐབས་དང་། སྐུ་དྲག་ཁག་གི་གཉེན་སྒྲིག་སྐབས་སུ་སྤྱོད་ཀྱི་ཡོད།

འཁོར་ཆགས་བུད་མེད་ཀྱི་རྒྱན་གོས་ནི་གནའ་བོའི་བོད་ཀྱི་ཆས་གོས་ལ་ཞིབ་འཇུག་བྱེད་པའི་དཔྱད་གཞི་རིན་ཐང་ཅན་ཞིག་ཡིན་རུང་། རིག་དངོས་དོ་དམ་པས་མཁོ་འདོན་བྱས་པར་གཞིགས་ན། ད་ལྟ་ཉར་ཚགས་ཐུབ་པའི་རྒྱན་གོས་ཆ་ཚང་དགུ་ཙམ་ལས་མེད་པས་སྟོངས་བའི་ཉེན་ཁ་ཧ་ཅང་ཆེན་པོ་ཡོད་པ་རེད།

འཁོར་ཆགས་བུད་མེད་ཀྱི་རྒྱན་གོས་དེ་དག་ལ་མི་རིགས་སམ་ལུང་པ་གཞན་གྱི་རྒྱན་གོས་དང་མི་འདྲ་བའི་ཁྱད་ཆོས་ཕྱོགས་ཁ་ཤས་ཡོད་དེ། རྒྱན་གོས་དེ་རྣམས་ཀྱི་བཟོ་ལྟ་དམིགས་བསལ་ཆེ་བ་དང་། རྣམ་པ་ཡིད་དུ་འོང་བ། རྒྱུ་ཆ་གནས་ཐང་ཆེ་ཞིང་ཕུན་སུམ་ཚོགས་པ། བརྗིད་ཉམས་དོད་པ་བཅས་ཡོད་པས་མི་རིགས་དེ་དང་ཡང་སྒོས་ས་ཁུལ་དེའི་རིག་གནས་སོགས་ལ་ཞིབ་འཇུག་བྱ་རྒྱུར་གལ་ཆེའི་རིན་ཐང་ལྡན་ཡོད། ལྷག་དོན་དུ་འཁོར་ཆགས་བུད་མེད་རྒྱན་གོས་ཀྱི་བཟོ་རྩལ་མཛེས་ཤིང་སྤུས་ཀ་ལེགས་ལ་ཉམས་དོད་པ། འཚེམ་བཟོའི་བརྒྱུད་རིམ་རྙོག་འཛིང་ཆེ་ཞིང་། དེའི་རྒྱུ་ཆ་དཀོན་ཞིང་རིན་གོང་མཐོ་བ་ཞིག་ཡིན། རྒྱན་གོས་དེར་མངའ་རིས་ཞང་ཞུང་གི་ལོ་རྒྱུས་དང་། རིག་གནས། སྤྱི་ཚོགས། དཔལ་འབྱོར་སོགས་ལ་ཞིབ་འཇུག་བྱ་རྒྱུར་དཔྱད་གཞིའི་རིན་ཐང་ཆེན་པོ་ལྡན་ཡོད་ལ། འཁོར་ཆགས་བུད་མེད་ཀྱི་རྒྱན་གོས་ནི་ཀྲུང་ཧྭ་མི་རིགས་ཀྱི་རྒྱན་གོས་རིག་གནས་ཀྱི་ལོ་རྒྱུས་ཐོག་བཀྲག་མདངས་ཆེ་ཤོས་ཤིག་ཡིན་པ་མ་ཟད། བོད་རིགས་ཀྱི་གནའ་བོའི་རྒྱན་གོས་རིག་གནས་དེ་འཛམ་གླིང་མི་དམངས་ཀྱིས་རྒྱུས་མངའ་ཡོང་རྒྱུར་གལ་ཆེའི་དོན་སྙིང་ལྡན་ཡོད། ད་ལྟ་འཁོར་ཆགས་ཀྱི་བུད་མེད་རྒྱན་གོས་དེ་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་རིག་དངོས་སྲུང་སྐྱོབ་ཀྱི་ཁོངས་སུ་ཚུད་ཡོད་པས། སྤུ་ཧྲེང་རྫོང་དང་འབྲེལ་ཡོད་ཀྱི་སྡེ་ཚན་གྱི་ཤུགས་ཆེན་རྒྱབ་སྐྱོར་འོག་འཁོར་ཆགས་ཀྱི་རྒྱན་གོས་དེའི་འཚེམ་བཟོའི་ལག་རྩལ་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བཞིན་ཡོད། དེ་ལྟར་སྤྱིར་རྒྱན་གོས་རིག་གནས་ནི་མིའི་རིགས་ཀྱི་རིག་གནས་འཕེལ་རྒྱས་འགྲོ་བའི་་ཉིང་བཅུད་ལྟ་བུ་ཞིག་ཡིན་པས། ང་ཚོ་ཐུན་མོང་ཐོག་རིག་གནས་དེ་རིགས་ལ་སྲུང་སྐྱོབ་བྱ་དགོས་པ་དང་རྒྱན་གོས་དེ་རིགས་ཀྱི་འཚེམ་བཟོའི་ལག་རྩལ་རྒྱུན་འཛིན་ཐུབ་རྒྱུར་ཡང་འབད་འཐབ་བྱ་དགོས།

མདོར་ན། ང་ཚོའི་མངོན་མིན་རིག་གནས་ཤུལ་བཞག་དེ་རིགས་མི་ཉམས་གོང་འཕེལ་ཡོང་བར་ཚང་མས་ཕྱར་བ་གྲུ་འདེགས་ཀྱིས་སྒྲིག་འཛུགས་དང་། ཁྲིམས་ལུགས། མ་དངུལ་སོགས་གང་ཅིའི་ཐད་ནས་འགན་སྲུང་བྱས་ནས་ནམ་ཡང་འོད་མདངས་འཕྲོ་བའི་རིག་གནས་ཤུལ་བཞག་ཅིག་ཏུ་འགྱུར་བ་བྱ་དགོས་པར་སྙམ།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།