དཔྱིད་ཀྱི་དར་འབུ་ཇི་བཞིན་གནོང་འགྱོད་མེད་པར་ལེགས་སྐྱེས་ཕུལ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2014-12-18 00:15:19

སྒེར་རྩེ་རྫོང་གི་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་སྟེང་ནས་རྒྱང་ལྟ་བྱེད་སྐབས་གོང་མོ་ཤང་སྲིད་གཞུང་རྒྱབ་ཀྱི་རི་འདབས་སུ་བྲིས་པའི“ལོ་བརྒྱའི་ཇུས་ཆེན་འགོད་པར་སློབ་གསོ་སྔོན་ལ་སྤེལ་དགོས”ཞེས་པའི་ཡིག་འབྲུ་དེ་དག་མཐོང་ཐུབ།དེ་ཐོག་ནས་ཐག་རིང་ལུང་ཁུག་ཏུ་གནས་པའི་ཤང་དེས་སློབ་གསོ་འཕེལ་རྒྱས་གཏོང་བའི་ཡིད་ཆེས་དང་ཆོད་སེམས་མཚོན།    སློབ་གསོའི་སྒྲིག་ཆས་འཐུས་སྒོ་ཚང་བའི་གོང་མོ་ཤང་སློབ་ཆུང་དུ་སྐྱོད་སྐབས་སློབ་ཚན་འཚོག་བཞིན་ཡོད་ཅིང་།སློབ་ཕྲུག་ཚོས་དཔེ་དེབ་ཀློག་པའི་སྒྲ་དང་དགེ་རྒན་ཚོས་ལས་ལ་བྲེལ་བའི་ཁྲོད་ནས་ཁོང་ཚོའི་ངོ་གདོང་ནས་གང་བྱས་རུང་སེམས་སྡུག་དང་སྐྱོ་སྣང་གིས་ཁེངས་པ་དབང་མེད་དུ་ཚོར་གྱི་འདུག    ཁོང་ཚོས་དགའ་ཞེན་བྱེད་པའི་སློབ་སྤྱི་ཟླ་བ་ཚེ་རིང་གིས་སློབ་གྲྭ་དེར་ལོ་དགུ་ཏག་ཏག་ལས་ཀ་བྱས་པ་དང་།སློབ་གསོའི་བྱ་གཞག་ཆེད་སེམས་ནུས་ཡོད་རྒུ་བཏོན་པ།སློབ་ཕྲུག་ཆེད་ཡོད་ཚད་བློས་བཏང་ཡོད།བློ་བག་ཡངས་ལ་གཤིས་ཀ་ལེགས་པའི་ཟླ་བ་ཚེ་རིང་ན་ནིང་ལོ་མཇུག་ཏུ་གློ་བུར་དུ་སྙིང་ནད་ཕོག་ནས་མི་ཡུལ་ནས་ཁ་བྲལ།གྲོངས་སྐབས་ལོ་32ཡིན་པ་རེད།    དར་འབུ་མ་ཤི་དར་སྣེ་འཆད་མི་འགྱུར།ལཱ་སྒྲོན་མ་ཟད་མཆི་མའི་རྒྱུན་མི་ཆད།གོང་མོ་ཤང་དུ་ལོ་དགུ་ལས་ཀ་བྱེད་རིང་ཟླ་བ་ཚེ་རིང་གིས་བྱ་སྤྱོད་ངོ་མ་དང་ལོ་ན་ཕྲ་བའི་ཚེ་སྲོག་ལ་བརྟེན་ནས་མི་དམངས་དགེ་རྒན་གྱི་བླ་ན་མེད་པའི་དོན་སྙིང་ལ་འགྲེལ་བཤད་བརྒྱབ་པ་དང་སློབ་གསོའི་ཕུགས་རེའི་འོད་མདངས་འཚེར་བ་བྱས་ཏེ་ཤུལ་འཛིན་པ་ཚོས་བློ་ལ་བརྟན་པོར་ངེས་པ་དང་ཡིད་སྨོན་བྱེད་རིན་ཡོད་པའི་བྱས་རྗེས་རྡོ་རིང་ཞིག་བཙུགས་ཡོད།

སློབ་གསོའི་བྱ་གཞག་ལ་སེམས་ནུས་ཡོད་རྒུ་བཏོན་པ།    སྒེར་རྩེ་རྫོང་གོང་མོ་ཤང་ནི་རྫོང་གྲོང་ནས་བར་ཐག་སྤྱི་ལེ་200ཡི་སར་གནས་པ་དང་ས་བབ་མཐོ་ཚད་རྒྱ་མཚོའི་ངོས་ལས་སྤྱི་ལེ་4900ཡོད།ས་རྒྱ་ཆེ་ལ་མི་འབོར་ཉུང་བ་དང་འགྲིམ་འགྲུལ་སྟབས་བདེ་མེད་ཁར་ཆུ་དང་གློག་ཤར་གཏོང་ཐུབ་ཀྱི་མེད་པ་དེ་ནི་མངའ་རིས་ས་ཁུལ་གྱི་རྫོང་གྲོང་ནས་ཐག་རིང་ཤོས་དང་།ས་བབ་མཐོ་ཤོས།ཆ་རྐྱེན་སྐྱོ་ཤོས་ཀྱི་ཤང་གི་གྲས་ཤིག་ཡིན།

2004ལོར་སློབ་ཆེན་ཐོན་མ་ཐག་པ་དང་།གཞོན་ཤ་དོད་པའི་ཟླ་བ་ཚེ་རིང་གིས་རྡོག་ཆས་ཉུང་ཉུང་ཞིག་འཁྱེར་ཏེ་ལྷ་ས་ནས་ལམ་ཐག་རིང་པོ་བརྒྱུད་གོང་མོ་ཤང་སློབ་ཆུང་དུ་བསྐྱོད།དུས་དེ་ནས་བཟུང་ཁོང་གིས་ལུས་སེམས་གཉིས་སློབ་གསོའི་བྱ་གཞག་ལ་ཕུལ།

ནང་སར་སློབ་ཆེན་འགྲིམ་སྐབས་ནས་ཟླ་བ་ཚེ་རིང་ལ་བོད་ཀྱི་ཐག་རིང་ཞིང་འབྲོག་ཁུལ་གྱི་སློབ་གསོ་འཕེལ་རྒྱས་ཀྱི་ཆུ་ཚད་རྗེས་ལུས་ཡིན་པ་དང་བུ་ཕྲུག་སློབ་གྲྭར་གཏོང་བའི་མང་ཚོགས་ཀྱི་འདུ་ཤེས་ཞན་ཙམ་ཡོད་པའི་ཚོར་སྣང་བྱུང་ནས་གཞི་རིམ་ལ་གཞི་ཚུགས་ཏེ་མི་དམངས་ཀྱི་དགེ་རྒན་ཞིག་བྱ་རྒྱུའི་སེམས་ཐག་བཅད་ཡོད།ལས་ཀར་ཞུགས་རྗེས་ལྷ་ས་ནས་ཡིན་པའི་ཁོང་གིས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་མངའ་རིས་སུ་འགྲོ་རྒྱུའི་གདམ་ག་བྱས་པ་དང་།ཐག་རིང་སྒེར་རྩེ་རྫོང་གོང་མོ་ཤང་དུ་ཡོང་ནས་རང་ཉིད་ཀྱི་མི་ཚེའི་ཕུགས་འདུན་དོན་གཉེར་བྱས།    ལོ་དེར་སློབ་གྲྭ་དེ་སློབ་ཁུལ་རྙིང་པ་ནས་ད་ཆའི་ཤང་སྲིད་གཞུང་གནས་ཡུལ་དུ་སྤོས་པ་དང་།སློབ་གྲྭ་ཡོངས་སུ་འཛིན་གྲྭ་གཅིག་ལས་མེད་པ་དང་སློབ་ཕྲུག་40ལྷག་ཙམ་ཡོད།ཁོང་ཚུད་པའི་དགེ་རྒན་ངོ་མ་2དང་གནས་སྐབས་དགེ་རྒན་1ལས་མེད།སློབ་ཁྲིད་སྒྲིག་ཆས་ཧ་ཅང་ཞན་པ་དང་ཟ་ཁང་དང་དགེ་རྒན་དང་ལས་བཟོའི་ཉལ་ཁང་མེད་ལ་ཆེས་གཞི་རྩའི་སློབ་ཚན་འཚོགས་ཐུབ་ཙམ་ལས་མེད།དེ་མིན་མང་ཚོགས་ལ“ཕྲུ་གུ་སློབ་གྲྭར་གཏོང་བ་ལས་ཕྱུགས་རྫིར་བཏང་ན་དགའ”ཞེས་པའི་རྗེས་ལུས་ཀྱི་ལྟ་བ་ཡོངས་ཁྱབ་ངང་གནས་པ་དང་བུ་ཕྲུག་སློབ་གྲྭར་གཏོང་བའི་ཧུར་བརྩོན་རང་བཞིན་ཧ་ཅང་ཞན་པོ་ཡིན་སྟབས་ཤང་ཡོངས་ཀྱི་སློབ་ལོ་ལོན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད་60%ལས་ཟིན་གྱི་མེད།    དཀའ་ཚེགས་ཆེ་བའི་རང་བྱུང་ཆ་རྐྱེན་དང་ལས་ཀའི་ཁོར་ཡུག་མདུན་དུ་ཟླ་བ་ཚེ་རིང་གིས་ཕྱིར་བཤོལ་གཏན་ནས་བྱས་མེད།ཁོང་གིས་ལས་རོགས་དང་ཤང་གི་འགོ་ཁྲིད་ལ་སློབ་གསོའི་ཆུ་ཚད་རྗེས་ལུས་ཡིན་པའི་གོང་མོར་ཡོང་ཟིན་པས་ང་ཚོས་དེ་བས་ནུས་ཤུགས་ཡོད་ཚད་བཏོན་ནས་གཞི་རིམ་གྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་གཏོང་དགོས་ཞེས་བརྗོད་ཀྱི་ཡོད།    སློབ་གྲྭ་དེར་སླེབས་མ་ཐག་ཟླ་བ་ཚེ་རིང་གིས་དགེ་རྒན་དཀྱུས་མ་ཞིག་ནས་འགོ་བཙུགས་ཏེ་ཟས་བརྗེད་གཉིད་བཅག་ངང་སློབ་ཁྲིད་ལ་གཞོལ་བ་དང་ཉིན་མོ་སློབ་ཚན་ཁྲིད་པ་དང་དགོང་མོ་སློབ་ཁྲིད་གྲ་སྒྲིག་དང་སྦྱོང་ཚན་བཟོ་བཅོས་རྒྱག་དགོས་པས་རྟག་ཏུ་ཐོ་རེངས་བར་ལས་དུས་འཕར་མ་བྱེད་ཀྱི་ཡོད།ཁོང་གིས་ད་དུང་སློབ་ཆེན་ནང་གི་ཆེད་ལས་ཤེས་བྱ་སྤྱད་དེ་དགེ་འོས་མིན་པ་དང་སྐབས་འཕྲལ་དགེ་རྒན་ལ་སློབ་ཚན་ཁྲིད་པ་དང་མཛུབ་ཁྲིད་བསམ་འཆར་འདོན་པ་མ་ཟད།རང་འགུལ་ངང་སློབ་ཁྲིད་གྲ་སྒྲིག་ཟིན་བྲིས་ཚང་མར་ལྟ་སྦྱོང་བྱ་རྒྱུར་གཡར་བ་དང་རང་དཔེ་གཞན་སྟོན་ངང་དགེ་རྒན་ཚོའི་སློབ་ཁྲིད་ཆུ་ཚད་མཐོ་རུ་གཏོང་རྒྱུའི་སྣེ་ཁྲིད་བྱེད་ཀྱི་ཡོད།    ཤང་ཡོངས་ཀྱི་སློབ་ཞུགས་བྱེད་ཚད་མཐོ་རུ་གཏོང་རྒྱུ་ནི་ཟླ་བ་ཚེ་རིང་མ་གྲོངས་གོང་རྒྱུན་སྲིང་ལྷོད་མེད་ངང་འབད་འཐབ་བྱེད་པའི་དམིགས་ཚད་ཅིག་ཡིན།ཁོང་གིས་སྦག་སྦག་བཞོན་ནས་ཤང་ཡོངས་ཀྱི་གྲོང་ཚོ་དང་ཚོགས་ཆུང་ཆ་ཚང་དང་སྡོད་ཁང་ཁ་ཐོར་ཡིན་པའི་མང་ཚོགས་དུད་ཚང་ཚང་མར་བསྐྱོད་ནས་ཁྱིམ་བདག་དང་ཕྲུ་གུར་སློབ་གྲྭ་འགྲིམ་པ་དང་ཤེས་ཡོན་སྦྱངས་བའི་ལེགས་ཆ་ངང་རྒྱུད་རིང་པོས་འགྲེལ་བཤད་རྒྱག་གི་ཡོད།ལམ་ཐག་རིང་ཤོས་སྤྱི་ལེ་300ཡོད་པའི་མང་ཚོགས་ཀྱི་ཁྱིམ་དུའང་བསྐྱོད་མྱོང་ཡོད།སློབ་ཕྲུག་སློབ་བྱོལ་གྱི་གནས་ཚུལ་འཕྲད་སྐབས་ཁོང་གིས་མཚན་མོ་དེ་རང་དུ་ཁྱིམ་དུ་སློབ་གྲྭར་ལོག་དགོས་པའི་ཁ་ཏ་བསླབ་བྱ་བྱེད་པར་འགྲོ་གི་ཡོད།

སྙིང་རུས་ཅན་གྱིས་རྡོ་ལ་ཨི་ཁུང་འབིགས་ཞེས་པ་ལྟར་ཁོང་དང་ཤང་ཡོངས་ཀྱི་གོང་འོག་ཚང་མས་འབད་བརྩོན་ཧུར་ཐག་བྱས་པས་གོང་མོ་ཤང་གི་སློབ་ཞུགས་ཐུབ་ཚད་2004ལོའི་60%ནས་2013ལོའི་100%བར་འཕར་ཡོད།  ལས་ཀའི་གྲུབ་འབྲས་མངོན་གསལ་དོད་པོ་ཡོད་སྟབས་ཟླ་བ་ཚེ་རིང་དགེ་རྒན་དཀྱུས་མ་ཞིག་ནས་སློབ་སྤྱི་གཞོན་པ་དང་སློབ་སྤྱིར་གནས་སྤར་བྱས་པས་ཁོང་གི་ཕྲག་ཐོག་གི་འགན་འཁྲི་ཡང་སྔར་བས་ལྕི་རུ་ཕྱིན་པ་དང་གོང་མོ་ཤང་གི་སློབ་གསོའི་བྱ་གཞག་ལ་སེམས་ནུས་འདོན་ཚད་དེ་བས་མང་དུ་ཕྱིན་ཡོད།སློབ་གྲྭའི་སློབ་ཁྲིད་ཀྱི་ཆ་རྐྱེན་ལེགས་སུ་གཏོང་ཆེད་ཁོང་གིས་རྫོང་དང་ཤང་རིམ་གཉིས་སྲིད་གཞུང་དང་འབྲེལ་བ་དང་མཐུན་སྦྱོར་ཧུར་ཐག་བྱས་ནས་སྔ་རྗེས་སུ་སློབ་གྲྭའི་དགེ་རྒན་ལས་བཟོ་དང་སློབ་མའི་ཉལ་ཁང་དང་།འགྲེམས་སྟོན་ཁང་།ལས་རེས་ཁང་།ལྕགས་རི།དྲོད་ལེན་ཡོ་ཆས།སློབ་མའི་ཉལ་གདན་སོགས་སྒྲིག་ཆས་དང་སྒྲིག་བཀོད་ཐག་གཅོད་བྱས་པས་སློབ་གྲྭའི་རྣམ་པ་གསར་རྐྱང་དུ་གྱུར་བ་དང་དྲོད་ལེན་ལྕི་བ་ཡང་ཁོང་གིས་གྲོང་ཚོ་ཁག་གི“ཨུ་ལྷན་གཉིས”ཀྱི་ཚན་ཁག་ནས་བརྩོན་ལེན་བྱས་པ་ཞིག་ཡིན་པ་སྟེ།གྲོང་ཚོ་རེས་ལོ་ལྟར་སློབ་གྲྭར་རིན་མེད་ངང་ལྕི་བ་རླངས་འཁོར་7མཁོ་འདོན་བྱེད་ཀྱི་ཡོད།

ད་ཆ་གོང་མོ་ཤང་སློབ་ཆུང་དུ་འཛིན་གྲྭ་5དང་།སློབ་མ་205 ཆེད་ལས་དགེ་རྒན་7བཅས་ཡོད་པ་མ་ཟད།སློབ་ཁང་དང་ཉལ་ཁང་ནས་ཟ་ཁང་བར་གྱི་སློབ་ཁྲིད་སྒྲིག་ཆས་ཚང་མ་འཛོམས་པ་དང་སློབ་ཞུགས་ཐུབ་ཚད་100%ཟིན་པ་མ་ཟད།2012ལོར་རྫོང་ཡོངས་ཀྱི་གཅིག་གྱུར་ཡིག་རྒྱུགས་ནང་ཆ་སྙོམས་སྦྱངས་འབྲས་ཨང་དང་པོ་བླངས་ཡོད།ཟླ་བ་ཚེ་རིང་2007ལོ་ནས་2012ལོ་བར་ལོ་6བསྟུད་མར་ཤང་གི་ཕུལ་བྱུང་དགེ་རྒན་ལ་བདམས་པ་དང་།2007ལོ་ནས་2010ལོ་བར་ལོ་4བསྟུད་མར་ས་ཁུལ་དང་རྫོང་རིམ་གཉིས་ཀྱི་ཕུལ་བྱུང་དགེ་རྒན་ལ་བདམས་པ།2011ལོར་རང་སྐྱོང་ལྗོངས་དང་ས་ཁུལ་གྱི“གཞི་རྩའི་ཆ་གཉིས”ཀྱི་རྒྱལ་བཤེར་བསུ་བའི་སྔོན་ཐོན་མི་སྒེར་ལ་བདམས་ཡོད།

རང་དཔེ་གཞན་སྟོན་གྱིས་དཔེ་བཟང་བྱས།    ཡུལ་དེ་གའི་ལས་བྱེད་མང་ཚོགས་ཚོའི་མིག་ནང་ཟླ་བ་ཚེ་རིང་གིས་སློབ་མར་རང་ཉིད་ཀྱི་ཕྲུ་གུ་ལྟར་གཅེས་སྐྱོང་བྱེད་པ་དང་སློབ་མ་འཚུབ་པོ་དང་སློབ་སྦྱོང་གི་སྦྱངས་འབྲས་ཞན་པོ་ག་ཚོད་ཡོད་ཀྱང་ཁོང་གིས་ཕྱོགས་རིས་གཏན་ནས་མེད་པར་སྔ་བར་ཕྱི་གསུམ་དུ་ངང་རྒྱུད་རིང་པོས་སློབ་གསོ་རྒྱག་གི་ཡོད།ཟླ་བ་ཚེ་རིང་ལ་ཟླ་རེར་གླ་ཕོགས་སྒོར་4000ཡོད་པའི་ཁྲོད་ནས་ཕྱེད་ཀ་ཙམ་སློབ་མར་སྤྱོད་ཀྱི་ཡོད་པས་དེ་ནི་ཁྱིམ་ལ་བསྐུར་བའི་དངུལ་ལས་མང་བ་ཡོད་པ་ཡུན་རིང་འཚོ་བ་སྐྱེལ་མྱོང་བའི་དགེ་རྒན་ཚང་མས་ཤེས་ཀྱི་ཡོད།    2011ལོར་སློབ་མ་ཞིག་རྐང་པ་ཆག་སྟབས་ཟླ་བ་ཚེ་རིང་གིས་གླ་ཕོགས་ནས་ལམ་གྲོན་བཏང་སྟེ་སློབ་མ་དེ་ལྷ་སར་སྨན་བཅོས་བྱེད་པར་བསྐྱལ་ཡོད།2013ལོར་སློབ་མ་ཞིག་ལ་ནད་ཚབས་ལྕི་པོ་ཕོག་པ་དང་་ཤང་གིས་རླངས་འཁོར་བཀོད་སྒྲིག་གཏན་ནས་བྱེད་མི་ཐུབ་པའི་གནས་ཚུལ་འོག་ཟླ་བ་ཚེ་རིང་གིས་སྒོར་2000བཏོན་ནས་རླངས་འཁོར་གླས་ཏེ་སློབ་མ་རྫོང་དུ་སྨན་བཅོས་བྱེད་པར་བསྐྱལ་བ་མ་ཟད།སྨན་རིན་ཆ་ཚང་སྤྲད་པ་རེད།

མ་གྲོངས་གོང་ཟླ་བ་ཚེ་རིང་གིས་ཡུན་རིང་ཕ་མ་གཅིག་ལས་མེད་པའི་སློབ་ཕྲུག་བཞིར་རོགས་རམ་བྱེད་ཀྱི་ཡོད་པ་དང་འདི་ལོ་ལོ་རིམ་གཉིས་པར་སླེབས་པའི་སྟོབས་རྒྱལ་ཡང་དེའི་གྲས་ཤིག་ཡིན།“ངའི་ལུས་ཐོག་ཏུ་གྱོན་པའི་གྱོན་གོས་ཚང་མ་སློབ་སྤྱིས་ཉོས་གནང་བྱུང་།གྱོན་གོས་དེ་དག་མཐོང་སྐབས་སློབ་སྤྱིས་ངའི་མགོ་དང་གཟུགས་པོ་འཁྲུད་རོགས་གནང་བ་དྲན་གྱི་འདུག”ཅེས་སྟོབས་རྒྱལ་གྱིས་མགོ་བོ་སྒུར་བཞིན་སྐད་ཤུགས་ཆུང་ངུས་བཤད་པས་ཉེ་འགྲམ་དུ་ཡོད་པའི་དགེ་རྒན་རྣམས་སེམས་འགུལ་ཆེན་པོ་ཐེབས།    སློབ་གྲྭར་ལས་ཀ་ལོ་དྲུག་ཙམ་བྱེད་མྱོང་བའི་སློབ་སྟོན་ཁང་གི་ཀྲུའུ་རེན་མིག་དམར་ཚེ་རིང་ནི་དགེ་འོས་ཆེད་ལས་མིན་པའི་དགེ་རྒན་ཞིག་ཡིན་པ་དང་ཐོག་མར་སློབ་གྲྭར་ཡོང་སྐབས་སློབ་ཁྲིད་བྱེད་སྟངས་གཏན་ནས་ཤེས་ཀྱི་མེད།ཟླ་བ་ཚེ་རིང་གིས་ཁོང་ལ་སློབ་ཚན་ཁྲིད་སྟངས་དང་སློབ་ཁྲིད་གྲ་སྒྲིག་བྱེད་སྟངས་སོགས་རེ་རེ་བཞིན་མཛུབ་ཁྲིད་གནང་བ་མ་ཟད།སློབ་གསེང་དུས་སུ་ཁོང་དང་སྙིང་གཏམ་ཤོད་རེས་དང་ལས་ཀའི་ཉམས་མྱོང་སྤེལ་རེས་བྱས་ནས་ཁོང་འཆད་སྟེགས་ཐོག་དངོས་སུ་མ་བསྐྱོད་བར་ཁྲིད་སྟོན་བྱས་ཡོད།ཟླ་བ་ཚེ་རིང་གིས“གལ་ཏེ་སློབ་སྤྱིས་གསོ་སྐྱོང་མ་གནང་ཚེ་ད་ལྟ་ཡང་ང་རང་ཚད་དང་མཐུན་པའི་མི་དམངས་ཀྱི་དགེ་རྒན་ཞིག་ཏུ་འགྱུར་མི་སྲིད”ཅེས་སེམས་འགུལ་ཐེབས་པའི་ངང་བརྗོད།    སློབ་སྤྱི་ཡིན་པའི་ངོས་ནས་ཟླ་བ་ཚེ་རིང་ལ་རང་ཉིད་གཅིག་པུར་དབང་བའི་ཉལ་ཁང་ཡོད་རུང་སློབ་གྲྭ་ཡོངས་ཀྱི་དགེ་རྒན་ལས་བཟོའི་ཉལ་ཁང་ལ་ཚད་བཀག་ཡོད་པས་ཁོང་གིས་ལོ་མང་རིང་དགེ་རྒན་གཞན་དང་མཉམ་དུ་བསྡད་ཡོད།2012ལོར་དགེ་རྒན་ཞིག་གཉེན་སྒྲིག་བྱས་རྗེས་ཁོང་གིས་རང་ཉིད་ཀྱི་ཉལ་ཁང་དགེ་རྒན་དེར་སྤྲད་ནས་རང་ཉིད་སྨི་ངོས་གྲུ་20ཙམ་ལས་མེད་པའི་སློབ་གྲྭའི་ལས་རེས་ཁང་དུ་སྤོས་པ་རེད།

མིག་དམར་པོར་གྱུར་བའི་མིག་དམར་ཚེ་རིང་གིས“ཟླ་བ་ཚེ་རིང་ནི་བྱ་བ་ཚང་མ་གཞན་གྱི་སྔོན་ལ་བྱེད་མཁན་ཞིག་དང་ཚང་མས་སློབ་སྦྱོང་བྱེད་པའི་མིག་དཔེ་ཞིག་རེད”“ཁོང་གྲོངས་རྗེས་ང་ཚོའི་སློབ་གྲྭ་དང་གོང་མོ་ཤང་ཙམ་མ་ཟད།ཐ་ན་རྫོང་ཡོངས་ཀྱི་སློབ་གསོའི་བྱ་གཞག་ངོས་ནས་བརྗོད་ན་གྱོང་གུན་ཆེན་པོ་ཞིག་རེད”ཅེས་བརྗོད་པ་རེད།

གནོང་འགྱོད་སྤུ་ཙམ་ཡང་མེད་པར་ཚེ་གང་གོང་མོར་ལེགས་སྐྱེས་ཕུལ།   གོང་མོ་ཤང་དུ་སྡོད་པའི་ལོ་དེ་དག་ནང་ཟླ་བ་ཚེ་རིང་གིས་ཡུན་རིང་ནང་མི་དང་བྲལ་བའི་འཚོ་བ་བསྐྱལ།ཁོང་གི་ཕ་མ་ས་ཐག་རིང་བའི་ལྷ་སར་ཡོད་པ་དང་བཟའ་ཟླས་ལོ་4ལ་སླེབས་པའི་བུ་ཉར་ནས་གོང་མོ་དང་བར་ཐག་སྤྱི་ལེ་700ཆོད་པའི་སེང་གེ་ཁ་འབབ་གྲོང་རྡལ་ཁུང་ཧྥེན་སེན་སློབ་ཆུང་དུ་དགེ་རྒན་བྱེད་བཞིན་ཡོད།ལོ་ལྟར་གུང་གསེང་བཞག་རྗེས་གཞི་ནས་ཟླ་བ་གཉིས་མཉམ་འཛོམས་བྱེད་ཀྱི་ཡོད།རྒྱུན་དུ་ནང་མིའི་འདྲ་པར་ལ་ལྟ་རྒྱུ་ལས་ཐབས་གཞན་མེད་པ་སྟེ།ཕ་མར་བསྙེན་བཀུར་ཞུ་ཁོམ་མེད་ལ་ཕྲུ་གུར་ཕའི་འགན་འཁྲི་འཁུར་མི་ཐུབ་པ་དེ་ནི་ཟླ་བ་ཚེ་རིང་གི་འཚོ་བའི་དོན་དངོས་ཇི་མ་ཇི་བཞིན་མཚོན་པ་ཞིག་རེད།   གོང་མོ་ཤང་གི་ཆ་རྐྱེན་ཞན་པས་ཤང་གི་ལས་བྱེད་པ་དང་དགེ་རྒན་སྤྱིར་ན་ལས་ཀ་ལོ་3བྱས་རྗེས་དེ་ནས་ཁ་བྲལ་གྱི་ཡོད།སྲིད་ཇུས་ཐད་གཞི་རིམ་དགེ་རྒན་ཡང་ས་ཆ་དེར་ལས་ཀ་ལོ་7བྱས་རྗེས་ལས་སྒྱུར་དང་ལས་གནས་བརྗེས་ཆོག་གི་ཡོད་མོད།འོན་ཀྱང་ཟླ་བ་ཚེ་རིང་གིས་གོང་མོ་ཤང་དུ་ལས་ཀ་ལོ་9ཏག་ཏག་བྱས་པ་དང་།མ་གྲོངས་གོང་ཁོང་ནི་རྫོང་ཡོངས་ཀྱི་ལས་བྱེད་པ་50ལྷག་ཙམ་གྱི་ཁྲོད་ནས་གོང་མོ་ཤང་ལ་སྡོད་ཡུན་རིང་ཤོས་ཀྱི་ལས་བྱེད་པ་ཞིག་ཡིན་ལ་སྡོད་ཡུན་རིང་ཤོས་ཀྱི་ཨང་གཉིས་པར་སླེབས་པའི་ལས་བྱེད་པ་ཡང་ཁོང་དང་ལོ་གསུམ་ཡན་གྱི་ཁྱད་པར་ཡོད་པ་རེད།  ཐེངས་ཤིག་ཟླ་བ་ཚེ་རིང་གི་བཟའ་ཟླས་གོང་མོ་ཤང་དུ་ཁོང་ལ་ལྟ་བར་ཡོང་བ་དང་།ལས་སྒྱུར་བྱ་རྒྱུའི་སྐོར་ཡང་ཡང་བརྗོད་ཀྱང་ཟླ་བ་ཚེ་རིང་གིས་སྣང་བར་མ་བཞག་པས་བཟའ་ཟླ་ཁོང་ཁྲོ་ལངས་པ་རེད།བཟའ་ཟླ་ལོག་རྗེས་ཟླ་བ་ཚེ་རིང་གིས་གཞི་ནས་ལྐོག་ཏུ་ལས་རོགས་ལ་ཁོང་ཡང་ལོག་འདོད་འདུགའོན་ཀྱང་ད་ལྟ་ལོག་ཕོད་ཀྱི་མི་འདུགརེ་བར་རྗེས་སུ་བཟའ་ཟླ་དང་ཕྲུ་གུར་དེ་དག་གསབ་ཐུབ་པ་བྱེད་ཀྱི་ཡིན་ཞེས་བརྗོད།    ན་ནིང་ཟླ་11གི་ཟླ་སྟོད་ལ་ཟླ་བ་ཚེ་རིང་གིས་རྫོང་གྲོང་ལ་གཞུང་དོན་སྒྲུབ་པར་སྐྱོད་སྐབས་གཟུགས་པོ་བདེ་པོ་མེད་པའི་ཚོར་སྣང་བྱུང་བ་དང་སྨན་ཁང་དུ་བརྟག་དཔྱད་བྱས་པས་ཁྲག་མངར་ཚད་ལས་བརྒལ་བ་ཤེས་རྟོགས་བྱུང་ཞིང་།རྫོང་སློབ་གསོ་ཅུས་ཀྱི་འགོ་ཁྲིད་ཀྱིས་ཁོང་ལ་ལྷ་སར་བརྟག་དཔྱད་ཡང་བསྐྱར་བྱ་རྒྱུའི་ཁ་ཏ་བྱས་ཀྱང་ཁོང་གིས་སློབ་གྲྭའི་སློབ་མཇུག་ཡིག་ཚད་དང་སློབ་མའི་གུང་གསེང་བདེ་འཇགས་ལ་སེམས་ཁྲལ་བྱས་ནས་ཤང་དུ་ལོག་རྒྱུའི་སེམས་ཐག་བཅད།

ལས་རིགས་གཅིག་པའི་དགེ་རྒན་ཚོས་ཟླ་བ་ཚེ་རིང་གིས་ཕ་མ་དང་ཁ་པར་རྒྱག་སྐབས་བག་ཡངས་ཀྱི་སྒོ་ནས“གཟུགས་པོ་མི་བདེ་བ་ཕྲན་ཙམ་འདུག་པས་གུང་གསེང་བཞག་རྗེས་སྨན་ཁང་དུ་བསྡད་ནས་སྨན་བཅོས་བྱེད་ཀྱི་ཡིན།འོན་ཀྱང་ད་ལྟ་ལས་ཀ་མང་པོ་འདུག”ཅེས་བརྗོད་ཀྱི་ཡོད་པ་གསལ་པོར་དྲན་གྱི་ཡོད།

བསམ་ཡུལ་ལས་འདས་པ་ཞིག་ལ་གོང་མོར་སླེབས་རྗེས་ཟླ་བ་ཚེ་རིང་ལ་སྙིང་ནད་ཚབས་ཆེན་ཕོག་མཐར་2013ལོའི་ཟླ་11ཚེས་28ཉིན་ལྷ་སར་སྨན་ཁང་དུ་ཡོང་བའི་ལམ་བར་དུ་གྲོངས།    སྐབས་དེ་དུས་ཐག་རིང་ལྷ་ས་ནས་ཡོང་བའི་གཞོན་ནུ་ཞིག་ནས་སྒམ་བརླིང་དོ་ནན་གྱི་སློབ་གྲྭའི་སློབ་སྤྱིར་འགྱུར་བའི་བར་གྱི་ལོ་དགུའི་རིང་ཟླ་བ་ཚེ་རིང་གིས་ས་གནས་དེ་གའི་སློབ་གསོའི་བྱ་གཞག་ཆེད་མི་ཚེའི་ལང་ཚོ་ཡག་ཤོས་སྐྱེས་སུ་ཕུལ་བ་མ་ཟད།ཐ་ན་རྩ་ཆེའི་ཚེ་སྲོག་ཀྱང་སྐྱེས་སུ་ཕུལ་ཡོད།    2004ལོར་ཟླ་བ་ཚེ་རིང་གོང་མོ་ཤང་སློབ་ཆུང་གི་རྒྱལ་སྒོའི་ནང་འཛུལ་སྐབས་སློབ་གྲྭ་དེ་དང་རྩྭ་ཐང་དེའི་སྟེང་གི་ཕྲུ་གུ་ཚོའི་ཆེད་དུ་མི་ཚེ་སྐྱེས་སུ་འབུལ་རྒྱུའི་སེམས་ཐག་བཅད་མིན་ང་ཚོས་ཤེས་ཐབས་བྲལ།འོན་ཀྱང་སླད་ཕྱིན་གྱི་ལོ་ཟླའི་ནང་ཟླ་བ་ཚེ་རིང་གིས་སློབ་སྟོན་དང་རོགས་སྐྱོར་བྱེད་མྱོང་ཡོད་པའི་ཕྲུ་གུ་ཚོའི་སེམས་ནང་དགེ་རྒན་ཞིག་གིས་ཁོང་ཚོར་དྲོ་སྐྱིད་ཆེན་པོ་གནང་བ་ནམ་ཡང་དྲན་ངེས་ཡིན་པ་ང་ཚོས་ཁས་ལེན་བྱས་ཆོག

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།