མངའ་རིས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྐོར་གྱི་སྒྲིལ་གླེང་།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2018-02-07 17:00:28

QQ截图20180206093911.png

↑ འདི་ནི་ཡུལ་སྐོར་བས་རྩྭ་མདའ་རྫོང་གུ་གེ་རྒྱལ་རབས་ཀྱི་རྗེས་ཤུལ་མཛེས་ལྗོངས་ཁུལ་དུ་ལྟ་སྐོར་བྱེད་པ་དང་པར་རྒྱག་པའི་གནས་ཚུལ་ཡིན་པ།

བརྗིད་ཆགས་པའི་ཁ་ར་ཁུ་རུམ་རི་རྒྱུད་ཀྱི་ལྷོ་ཕྱོགས་དང་འཛམ་གླིང་ཐོག་གི་རི་རྒྱུད་མཐོ་ཤོས་ཀྱི་བྱང་ཕྱོགས་སུ་ཡང་རྩེའི་སྟེང་གི་ཡང་རྩེ་ཞེས་བརྗོད་པའི་མངའ་རིས་ཆགས་ཡོད།

དུས་རབས་མང་པོའི་ནང་སྒང་གཤོང་མུ་འབྲེལ་སྟར་དུ་ཆགས་པའི་རི་བོ་ཧི་མ་ལ་ཡའི་རང་བྱུང་སྲུང་ཡོལ་གྱིས་ཁྱད་དུ་འཕགས་པའི་མེས་རྒྱལ་གྱི་མཐའ་མཚམས་ས་ཆ་སྲུང་སྐྱོང་བྱས་ནས་ཡོད། ད་ཆ་དེ་གར་དེང་རབས་ཅན་གྱི་གནམ་ཐང་དང་། ཚད་ལྡན་ཅན་གྱི་སྣུམ་ནག་ལམ། སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་འབར་བའི་ལྗང་མདོག་ཁུལ་སོགས་ཡོད།

མངའ་རིས་ཤུགས་རྒྱོབ། ས་ཆ་དེའི་མི་རྣམས་ཀྱིས་ཁྱེད་ཀྱི་བརྗིད་ཆེའི་འཆར་གཞི་འགོད་བཞིན་ཡོད།

ཏང་འཛུགས་སྐྱོང་གི་སྤུས་རྟགས“བོད་ནུབ་ཀྱི་གདོང་ལེན། གསར་བརྗེའི་མངའ་རིས”ཞེས་པ་བཏོད་པ།

2017ལོའི་ཟླ་11པའི་ཟླ་མཇུག་ཏུ། བོད་ནུབ་རྒྱུད་ཀྱི་མཐོ་ས་དེར་སྔར་ནས་དགུན་ཁ་ཤར་ཟིན། ང་ཚོ་བཅར་འདྲི་ཚོགས་ཆུང་དང་བཅས་པ་སེང་གེ་ཁ་འབབ་གྲོང་རྡལ་གྱི་ནུབ་ངོས་ཀྱི་ཀྱག་ཀྱོག་ལམ་བརྒྱུད་དེ་སྒར་རྫོང་དགུན་ས་ཤང་དུ་ཡོད་པའི་ཀྲུང་གུང་མངའ་རིས་ཡན་ལག་ལས་དོན་ཨུ་ལྷན་གྱི་གནས་རྙིང་དུ་འབྱོར། དེ་ཙམ་རིང་པོ་མེད་པའི་ལམ་ཐག་དེས་སྔར་བཞིན་མངའ་རིས་མིའི་བསམ་པའི་ཁྱིམ་གཞིས་ཀྱི་མཚོན་རྟགས་གཙོ་བོ་ཡིན་པའི་ས་ཆ་དེར་ང་ཚོ་ཉམས་སུ་མྱོང་བར་འཁྲིད་བྱུང་།

ཀྲུང་གུང་མངའ་རིས་ཡན་ལག་ལས་དོན་ཨུ་ལྷན་གནས་རྙིང་གི་ཟུར་ཞིག་ནི་དྲན་གསོ་ཁང་ཡིན་པ་དང་། དེའི་ནང་དེ་སྔོན་གྱི་དམག་མིའི་དཔེ་ཁུག་དང་། བཅིངས་འགྲོལ་དམག་གི་སྟོད་ཐུང་རྙིང་པ། གསར་བརྗེའི་དུས་དེབ་ཚགས་པར་དང་རྟགས་མ་སོགས་འདུག ཅ་དངོས་རྙིང་པ་དང་། པར་རིས་རྙིང་པ། ཡིག་ཐོག་གི་ཟིན་བྲིས་རེ་རེ་བཅས་ལས་གསར་བརྗེའི་གཞི་རྐྱེན་དེ་སྔོན་ས་ཆ་དེར་ཁྱབ་པ་མཚོན།

དྲན་གསོ་ཁང་གི་པར་རིས་175དང་ཅ་དངོས་280ལྷག་ཙམ་དང་། དེ་བཞིན་བརྙན་ཕབ་དཔྱད་གཞི་སོགས་ལས་དུས་རབས་ཕྱེད་ཀའི་གོང་གསར་བརྗེའི་སྔོན་བྱོན་པས་མངའ་རིས་ལ་བཅིངས་འགྲོལ་བཏང་བ་དང་མངའ་རིས་འཛུགས་སྐྲུན་བྱས་པའི་ལོ་རྒྱུས་ཀྱི་འཕེལ་རིམ་ཕྱོགས་ཡོངས་ནས་མངོན་ཡོད་ལ། བོད་སྐྱོད་སྔོན་སྐྱོད་ལན་དང་མངའ་རིས་རྟ་དམག་ཡན་ལག་རུ་ཁག་མཐའ་མཚམས་སུ་རྩ་བ་ཚུགས་པ་དང་། རང་སྟོབས་རང་འཕེལ། དཀའ་སྤྱད་འབད་འཐབ་བཅས་ཀྱི་འོད་སྟོང་འབར་བའི་ལོ་རྒྱུས་ཀྱི་འཕེལ་རིམ་བསྐྱར་དུ་མཚོན་ཡོད།

ཉེ་བའི་ལོའི་ནང་། མངའ་རིས་ས་ཨུད་དང་སྲིད་འཛིན་ཀུང་ཧྲུའུ་ཡིས“ཏང་འཛུགས་སྐྱོང་ཆེན་པོའི”འདུ་ཤེས་བརྟན་པོ་བཙུགས་པ་དང་ཏང་འཛུགས་སྐྱོང་ལ་ཁྲིད་སྟོན་དང་སྤུས་རྟགས་ཀྱི་རྨང་གཞི་འདིང་རྒྱུ་མཐའ་འཁྱོངས་ཀྱིས“འཕེལ་རྒྱས་ལ་སྐུལ་འདེད་དང་། བརྟན་ལྷིང་སྲུང་སྐྱོང་། དམངས་ཚོར་ཕན་འདོགས་པ། དབུལ་སྐྱོར་ལ་རོགས་རམ། མཐུན་སྒྲིལ་ཟབ་གཏོང”བཅས་སྲོག་ཤིང་དུ་བྱས་ནས་ཏང་འཛུགས་སྐྱོང་གི་ལས་དོན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་ས་ཁུལ་ཡོངས་ཀྱི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་རྩ་འཛུགས་ཀྱི་འགན་ལེན་བརྟན་པོ་མཁོ་འདོན་བྱས་ཡོད་པ་རེད།

2016ལོར་དུས་དཔག་བབ་བསྟུན་དང་ཞིབ་འཇུག་ཡང་ཡང་བྱས་པ་བརྒྱུད། མངའ་རིས་ས་ཨུད་དང་སྲིད་འཛིན་ཀུང་ཧྲུའུ་ཡིས་དུས་བབ་གསར་པ་དང་། ལས་འགན་གསར་པ། བླང་བྱ་གསར་པ་བཅས་ལ་དམིགས་ཏེ“བོད་ནུབ་ཀྱི་གདོང་ལེན། གསར་བརྗེའི་མངའ་རིས”ཞེས་པའི་ཏང་འཛུགས་སྐྱོང་གི་སྤུས་རྟགས་གཏོད་རྒྱུའི་བསམ་ཕྱོགས་བཏོན་ཁར། གཞི་རིམ་གྱི་ཏང་འཛུགས་སྐྱོང་གི་ནང་དོན་གཙོ་བོར་དམིགས་ནས་གནད་འཕིགས་ཇུས་འདོན་དང་གནད་སྨིན་ཤུགས་འདོན་བྱས་ཏེ་ཏང་རྩ་འཛུགས་ཀྱི་བྱེད་པོའི་གསོན་ཤུགས་དང་། གྲུབ་ཆའི་གསོན་ཤུགས། ལམ་ལུགས་ཀྱི་གསོན་ཤུགས། ལག་བསྟར་གྱི་གསོན་ཤུགས། ཕན་འབྲས་ཀྱི་གསོན་ཤུགས་བཅས་གང་ལེགས་འཕེལ་བར་བྱས་ཡོད་ལ། རྩ་འཛུགས་ཀྱི་འབོད་སྐུལ་ནུས་པ་དང་། ཏང་ཡོན་གྱི་གོང་བུ་འགྲིལ་ཤུགས། ཏང་འཛུགས་སྐྱོང་གི་ཤུགས་རྐྱེན་ནུས་པ་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་ས་ཁུལ་ཡོངས་ཀྱི་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་སྐྱོན་བྲལ་དང་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་རྒྱུར་ཁྲིད་སྟོན་བྱས་ཡོད།

གསར་བརྗེའི་ཐོན་ཁུངས་ཀྱིས་མདུན་ཕྱོགས་སུ་སྐྱོད་པའི་སྒུལ་ཤུགས་འཕེལ་བར་བྱས། རུ་ཐོག་རྫོང་གིས“བོད་ནུབ་ཀྱི་གདོང་ལེན། གསར་བརྗེའི་མངའ་རིས”ཞེས་པའི་སྤུས་རྟགས་གཏོད་པའི་ལས་དོན་ཁྲིད་སྟོན་དུ་བྱས་ཏེ“རུ་ཐོག་གི་གདོང་ལེན། མཐའ་མཚམས་ཀྱི་མཁར་རྫོང་”ཞེས་པའི་སྤུས་རྟགས་གཟུགས་བརྙན་དང“འཐབ་ས་བརྟན་པོ་སྐྲུན་པ་དང་། ནུས་པ་འདོན་སྤེལ་བྱེད་པ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། གཟུགས་བརྙན་བཟང་པོ་གཏོད་པ”བཅས་ཀྱི་སྤུས་རྟགས་འདུ་ཤེས་བཏོན་ནས“བརྟན་ལྷིང་སྲུང་སྐྱོང་དང་། འཕེལ་རྒྱས། དམངས་འཚོ། སྣོད་བཅུད། ཞབས་ཞུ”བཅས་ཁྱབ་ཁོངས་ལྔའི་ཏང་འཛུགས་སྐྱོང་སྤུས་རྟགས་གཏོད་རྒྱུ་འབུར་དུ་ཐོན་པ་བྱས་ཏེ“རུ་ཐོག་གི་གདོང་ལེན”མི་སེམས་ལ་ཟུག་པ་བྱས་ཡོད།

ད་ཆ་གསར་བརྗེའི་གྲོང་ཚོ་དང་པོ་དང་། དམངས་གཙོའི་བཅོས་སྒྱུར་གྱི་གྲོང་ཚོ་དང་པོ། འབྱོར་འབྲིང་འཛུགས་སྐྲུན་གྱི་གྲོང་ཚོ་དང་པོ། དམག་དཔུང་རིག་གནས་ཀྱི་གྲོང་ཚོ་དང་པོ། མཐའ་མཚམས་འཛུགས་སྐྲུན་གྱི་གྲོང་ཚོ་དང་པོ་བཅས་ཁག་རེ་རེ་ཏང་འཛུགས་སྐྱོང་གི་སྤུས་རྟགས་གཏོད་ཡུལ་དུ་གྱུར་ཡོད་པ་རེད།

ན་ནིང་ཚུན། མངའ་རིས་ས་ཁུལ་གྱིས“གྲངས་གཞི་ཆེ་མོ་དང་དཔེ་ཁུག་ཆུང་ངུ”ཟུང་འབྲེལ་དང“དྲ་སྦྲེལ་དང་ཏང་འཛུགས་སྐྱོང་”ཟུང་འབྲེལ་གྱི་རྣམ་པ་སྤྱད་དེ་ལས་ཁུངས་ཀྱི་མི་ཐེངས་8000ལྷག་ཙམ་ལ“ཏང་ཡོན་གྱི་དཔེ་ཁུག་ཆུང་ངུ”ཐོ་འགོད་བྱས་པ་དང་། ཞིང་འབྲོག་པའི་ཏང་ཡོན་ལ“ཏང་ཡོན་གྱི་དཔེ་ཁུག་ཆུང་ངུ”7900ལྷག་ཙམ་སྤྲད་པ། “སློབ་ཚན་ཐུང་ངུ”དང“ཏང་གི་སློབ་ཚན་ཐུང་ངུ”སོགས་རྒྱང་ཁྲིད་སློབ་གསོའི་ལས་སྟེགས་གང་ལེགས་སྤྱད་ནས་དེའི་ནང་འཛུལ་མཁན་ཁྲི་1ལྷག་ཙམ་ཟིན་ཡོད་པ་རེད། “གདན་དྲངས་པ་དང་ཕྱིར་སྐྱོད་པ”སོགས་ཀྱི་བྱེད་ཐབས་སྤྱད་ནས་སློབ་གསོ་གསོ་སྦྱོང་གི་ལས་དོན་རྒྱ་ཁྱབ་ངང་སྤེལ་བ་རེད།

སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས་དམངས་འཚོར་ཕན་པ་ཐོབ་པ་བྱས་ཏེ་མང་ཚོགས་དབུལ་པོའི་འཚོ་བའི་ཆ་རྐྱེན་ལེགས་སུ་བཏང་བ།

ཐོག་མའི་བསམ་འདུན་མ་བརྗེད་པར་འབད་འབུངས་ཡར་བརྩོན་བྱས་པ། སེང་གེ་ཁ་འབབ་རྒྱུག་ཁུལ་དུ་གྲོང་ཁུལ་གསར་པ་ཞིག་ཆགས་ཡོད་པ་དེར་བོད་བཟོའི་ཐོག་སོ་གཉིས་ལྡན་གྱི་སྡོད་ཁང་སྟར་པ་གྲལ་སྒྲིག་ལ་ཉམས་དོད་པ་ཞིག་ཡོད། སྤྲོ་སྐྱིད་ཁང་གསར་ཞེས་བརྗོད་པའི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་སྡོད་ཁང་དེ་དག་རུ་ཐོག་དང་། རྩྭ་མདའ་། སྤུ་ཧྲེང་བཅས་ཀྱི་ཁྱད་ཆོས་གཞིར་བཟུང་བསྐྲུན་པ་དེར་སྨི་ངོས་གྲུ་75དང་། 100 125 150བཅས་རིགས་མི་འདྲ་བཞི་ལ་ཕྱེ་ཡོད། ད་ཆ་སྒེར་རྩེ་དང་། མཚོ་ཆེན། དགེ་རྒྱས། སྒར་བཅས་རྫོང་གི་དུད་ཚང་464ཡི་མི་1893སྤྲོ་སྐྱིད་ཁང་གསར་ནང་སྤོས་ཡོད་པ་རེད།

གནས་སྤོས་དུད་ཚང་གི་མི་གྲངས་གཞིར་བཟུང་སྡོད་ཁང་བགོས་པ་དང་། ད་ལོ་ལོ་29ལ་སླེབས་པའི་སྐལ་བཟང་དོན་གྲུབ་ནང་མི་བཞིར་སྨི་ངོས་གྲུ་100ཡོད་པའི་ཐོག་སོ་གཉིས་ལྡན་གྱི་ཁང་པ་ཞིག་ནང་སྡོད་རྒྱུ་བྱུང་། འདི་ནི་ཁོ་པས་དེ་སྔ་བསམ་པའི་ཡུལ་ལའང་འཁོར་མྱོང་མེད་པའི་བྱ་བ་ཞིག་རེད། མིག་ལམ་དུ་རྒྱ་ཆེ་ལ་དྲོ་སོབ་སོབ་ཀྱི་ཚོམས་ཆེན་དང་། ཐབ་ཆས་ཚ་ཚང་ཡོད་པའི་ཐང་ཚང་། ཉི་མ་དྲོ་བའི་ཉལ་ཁང་བཅས་མཐོང་སྐབས། ཁོ་པ་ཧ་ལས་ཧང་སངས་བྱེད་པ་དང་དགའ་ཚོར་གྱིས་ཁེངས།

ད་ཆ་སྐལ་བཟང་དོན་གྲུབ་ལ་ས་ཁུལ་ནས་བདེ་སྲུང་གི་ལས་ཀ་ཞིག་རག་པ་དང་ཟླ་རེར་གཏན་འཇགས་གླ་ཆ་སྒོར་2500ལེན་རྒྱུ་ཡོད།

ས་ཨུད་སྲིད་འཛིན་ཀུང་ཧྲུའུ་ཡི་ཀྲོན་ཡོན་གཞོན་པ་ལོའོ་ཆིང་ཝུའུ་ཡིས། ཏང་ཀྲུང་དབྱང་གིས་བཏོན་པའི་དུས་བཀག་བཞིན་དབུལ་སྒྲོལ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་དམིགས་ཚད་གཞིར་བཟུང་། མངའ་རིས་ས་ཨུད་དང་སྲིད་འཛིན་ཀུང་ཧྲུའུ་ཡིས་དབུལ་སྐྱོར་དང་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ཨང་དང་པོར་བཞག་ཅིང་། མངའ་རིས་ས་ཁུལ་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་གནད་སྨིན་དབུལ་སྐྱོར་འགག་སྒྲོལ་གྱི་དུས་ཚོད་རེའུ་མིག་བཟོས་པ་དང་། རང་བྱུང་སྣོད་བཅུད་ཤིན་ཏུ་ཉམས་ཞན་དང་། རྩྭ་ཁ་ཞན་པ། འབྲོག་པ་མང་ཚོགས་ཀྱི་ཐོན་འཕར་འབབ་འཕར་ལ་བཀག་རྒྱ་ནན་པོ་ཕོག་པ། དབུལ་པོའི་གཞི་ཁྱོན་ཅུང་ཆེ་བ་བཅས་ཀྱི་ཞིབ་ཕྲའི་དོན་དངོས་ལ་དམིགས་ཏེ་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱ་རྒྱུ་དེ་མངའ་རིས་ས་ཁུལ་གྱི་གནད་སྨིན་དབུལ་སྐྱོར་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་དང་པོར་བརྩིས་ཡོད་ཅེས་བཤད་པ་རེད།

ས་ཁུལ་འདི་ཉིད་ཀྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་རྣམ་གྲངས་ཤིག་ཡིན་པའི་སྤྲོ་སྐྱིད་ཁང་གསར་ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར་7.36བཏང་བ་དང་དུས་ཐེངས་གསུམ་ལ་ཕྱེ་ནས་བསྐྲུན་ཡོད། གནས་སྤོའི་སྡོད་ཁང་ཆ་ཚང་994རྒྱག་རྩིས་ཡོད་པ་དང་མི་4006གནས་སྤོ་བྱེད་རྩིས་ཡོད་པ་རེད། གནད་སྨིན་དབུལ་སྐྱོར་གྱི་བླང་བྱ་དང་ཟུང་འབྲེལ་བྱས་ཏེ་སྤྲོ་སྐྱིད་ཁང་གསར་ནང་རང་བྱུང་ཁོར་ཡུག་ཞན་པ་དང་ས་གཤིས་ཀྱི་གནོད་འཚེ་ཚབས་ཆེན་ཕོག་པའི་ཁྱབ་ཁོངས་དང་། ཡིག་ཚགས་དང་གཱ་བཟོས་པའི་འབྲོག་དུད། ཡོང་འབབ་ཚད་གཞི་ཕུད་ད་དུང་ཡུལ་གཞན་དུ་གནས་སྤོ་རེ་ཞུ་བྱེད་པའི་འབྲོག་དུད་རེ་ལ་ཉུང་མཐར་ཡང་ནང་མི་3དགོས་ལ། དེའི་ནང་ནས་གཅིག་ངེས་པར་དུ་ངལ་ནུས་ཡོད་པ་ཞིག་ཡིན་དགོས་པ་བཅས་སྔོན་ལ་གནས་སྤོ་བྱ་རྒྱུ་བཀོད་སྒྲིག་བྱས་ཡོད་པ་རེད།

རང་སྐྱོང་ལྗོངས་ཀྱི“དམངས་འཚོའི་དོན་དངོས་བཅུ”དོན་འཁྱོལ་གཏིང་ཟབ་བྱས་པའི་རྨང་གཞིའི་ཐོག མངའ་རིས་ས་ཁུལ་གྱིས་མ་དངུལ་སྒོར་དུང་ཕྱུར་60བསྡུ་སྒྲིལ་བྱས་ཏེ་གནད་སྨིན་དབུལ་སྒྲོལ་དང་། དྲོད་དང་གསོ་རླུང་མཁོ་འདོན། བདེ་འཇགས་འཐུང་ཆུ། གྲོང་ཁྱེར་དང་གྲོང་རྡལ་འཛུགས་སྐྲུན། སློབ་གསོ་མཐོར་གཏོང་། རྩལ་ནུས་གསོ་སྦྱོང་། མཛེས་པའི་གྲོང་གསེབ། གཞི་རིམ་གྱི་རྨང་གཞི་སྲ་བརྟན། དམངས་བདེ་དམངས་ཕན། བདེ་ཐང་མངའ་རིས། ཤར་གཏོང་མངའ་རིས། “གཅིག་སྡུད་གཉིས”འཁོར་རྒྱུག མཐའ་མཚམས་ཉོ་ཚོང་ལ་བརྟེན་ནས་དམངས་ཕྱུག་སོགས་དམངས་འཚོའི་འདུ་འགོད་རྣམ་གྲངས་53ལ་གཅིག་འདོམས་སྐུལ་འདེད་བཏང་བའི་ཕན་པ་ས་ཁུལ་ཡོངས་ཀྱི་མི་ཁྲི་11.4ལྷག་ཙམ་ལ་ཐོབ་པ་རེད།

ཁྱད་ལྡན་ཐོན་ལས་དར་སྤེལ་བྱེད་མགྱོགས་སུ་བཏང་བས་ལྗང་མདོག་མངའ་རིས་མངོན་འགྱུར་ཐུབ་ཉེར་ཡོད་པ།

སྤུ་ཧྲེང་ནི་གངས་རི་ར་བས་བསྐོར་ཞིང་། རི་བོ་ཧི་མ་ལ་ཡ་དང་གངས་ཏི་སེ་རི་རྒྱུད་ཆེན་པོ་གཉིས་ཀྱི་གྲོག་ཤུར་དུ་གནས་པ་དང་། ནེ་པ་ལ་དང་རྒྱ་གར་དང་ཁྱིམ་མཚེས་ཡིན་པ། མི་ཁྲི་ཡང་མེད་པའི་མཐའ་མཚམས་ཀྱི་གྲོང་རྡལ་ཆུང་ངུ་ཞིག་རེད།

སྤུ་ཧྲེང་རྫོང་གྲོང་གི་ལྷོ་ནུབ་མཚམས་དང་བར་ཐག་སྤྱི་ལེ་3གྱི་སར་གནས་མོ་སྣ་གཉིས་གངས་རིའི་བར་ནས་བཞུར་བའི་རྨ་བྱ་ཁ་འབབ་རྒྱུག་ཁུལ་གྱི་ཀླུང་ཐང་ཡངས་མོའི་ཐོག སྔོ་ཚལ་དྲོད་ཁང་ཆེ་མོ་140གྲལ་སྟར་སྒྲིག་པོས་གནས་ཤིང་ཆུ་གསོག་རྫིང་བུ་ཤིན་ཏུ་ཆེ་བ་ཞིག་མི་རིང་བའི་སར་ཁྲ་ཆིལ་ལེར་གནས།

དྲོད་ཁང་ཆེ་མོའི་དམིགས་བསལ་གྱི་ཚོན་མདོག་དཀར་པོ་དང་སྤུ་ཧྲེང་གི་མཐའ་བཞི་བསྐོར་བའི་གངས་རི་གཉིས་ཕན་ཚུན་གཅིག་ལ་གཅིག་འགྲན་གྱིས་ལྷག་པར་མཛེས་ཤིང་། འདི་ག་ནི་2014ལོར་བསྐྲུན་ཟིན་པ་དང་སྤྱོད་འགོ་ཚུགས་པའི་སྤུ་ཧྲེང་རྫོང་གི་དེང་རབས་ཞིང་འབྲོག་ལས་དཔེ་སྟོན་ཁུལ་རེད། ཁྱོན་མ་དངུལ་སྒོར་ཁྲི་2600བཏང་བའི་རྟེན་གཞི་དེས་ས་ཆ་མུའུ་2000བཟུང་བ་དང་། ཕུན་སུམ་ཚོགས་པའི་སྔོ་ཚལ་རིགས་འབོར་ཆེན་བཏབ་པ་ལས་ས་གནས་དེ་གའི་ལས་བྱེད་མང་ཚོགས་ཀྱི་ཚལ་དཀོན་པ་དང་རིན་གོང་མཐོ་བའི་གནད་དོན་རྩ་བའི་ཐོག་ནས་ལེགས་བཅོས་བྱུང་ཡོད།

2013ལོར་སྤུ་ཧྲེང་རྫོང་ཨུད་ཀྱིས་མ་དངུལ་གྲབས་གསོག་བྱས་ཏེ་སྔོ་ཚལ་དྲོད་ཁང་ཆེ་མོ་བསྐྲུན་པའི་ཐད་བཏང་བ་དང་། སྐབས་དེ་དུས་ཧྲའན་ཤིས་ཡུས་ལིན་གྲོང་ཁྱེར་གྱི་ཚན་རྩལ་ཆེད་མངགས་པ་ཀོའོ་ཅུས་ལེང་སྤུ་ཧྲེང་རྫོང་དུ་ཡོང་ཐེངས་དང་པོ་ཡིན་པ་རེད།

ད་ཆ་ཁྱིམ་གྱི་སྒོ་རྩར་བསྐྲུན་པའི་སྔོ་ཚལ་རྟེན་གཞིས་སྤུ་ཧྲེང་རྫོང་གྲོང་དང་དེའི་མཐའ་འཁོར་གྱི་ལས་བྱེད་མང་ཚོགས་ཀྱི་ཚལ་དཀོན་པའི་གནད་དོན་ཐག་གཅོད་བྱུང་བ་མ་ཟད། ད་དུང་ས་གནས་གཞན་ལའང་ཕྱིར་ཚོང་བྱ་རྒྱུ་བྱུང་ཡོད། དུས་ཐུང་ལོ་གཉིས་ཙམ་རིང་ཁུལ་དེའི་སྔོ་ཚལ་ཐོན་ཚད་ཏུན་100ལྷག་ཙམ་ལས་བརྒལ་ནས་ཁྱོན་ཡོང་འབབ་སྒོར་ཁྲི་180ཙམ་བྱུང་བ་རེད།

སྲིད་ཇུས་ཀྱི་རྒྱབ་སྐྱོར་འོག སྤུ་ཧྲེང་རྫོང་དེང་རབས་ཞིང་འབྲོག་ལས་དཔེ་སྟོན་ཁུལ་གྱིས“ཀུང་སི+མཉམ་ལས་ཁང+ཞིང་དུད”ཀྱི་གཉེར་སྐྱོང་བྱེད་ཐབས་སྤྱད་དེ་གྲོང་མི་ཚོས་ས་ཞིང་རྟེན་གཞིར་བོགས་མར་བཏང་བས་ལོ་རེར་བོགས་གཡར་དངུལ་སྒོར་1300ལེན་རྒྱུ་ཡོད་པ་དང་། ལས་སྒྲུབ་བྱས་པ་ལས་གྲོང་མི་ཚོར་ཉིན་རེར་གླ་ཆ་སྒོར་150ལེན་རྒྱུ་ཡོད། གཞན་ཡང་ལག་རྩལ་མི་སྣས་གྲོང་མི་ཚོར་ཞིང་ལས་འདེབས་འཛུགས་ལག་རྩལ་དམར་ཁྲིད་བྱེད་ཀྱི་ཡོད། དེས་ན་སྒྲིག་བཀོད་ཞིང་ལས་དེ་སྤུ་ཧྲེང་རྫོང་དུ་རྩ་བ་བརྟན་པོ་ཚུགས་ཐུབ་པ་བྱུང་བས་ཕུགས་ཀྱི་ཁེ་ཕན་མངོན་འགྱུར་བྱུང་ཡོད་པ་རེད།

གྲངས་གཞི་ལས་བསྡོམས་རྩིས་བྱས་པར། ད་ཆ་སྤུ་ཧྲེང་རྫོང་སྐྱིད་ཐང་གྲོང་ལྷན་གྱི་གྲོང་མིའི་ཁྱིམ་གྱི་སྔོ་ཚལ་དྲོད་ཁང་རེར་ལོ་རེར་ཆ་སྙོམས་འབབ་འཕར་སྒོར་5000ཡན་ཟིན་གྱི་ཡོད། སྐྱིད་ཐང་གི་གྲོང་མི་ཐག་ཆོས་ནི་ཕན་པ་ཐོབ་པའི་གྲོང་མི་ཞིག་རེད། ཁོང་གིས“ངས་སྔོ་ཚལ་དྲོད་ཁང་3འགན་གཙང་བླངས་པ་ཡིན། སྔོ་ཚལ་སྐྱེ་ཚུལ་བཟང་བས་དེ་དུས་སོ་ལོ་སྔོན་པོའི་དྲོད་ཁང་ཁོ་ན་ལས་ཡོང་འབབ་སྒོར་ཁྲི་1.2བྱུང”ཞེས་བཤད།

སྒྲིག་བཀོད་ཞིང་ལས་ལག་རྩལ་ལས་སྤུ་ཧྲེང་རྫོང་དེ་མངའ་རིས་ས་ཁུལ་གྱི་སྔོ་ཚལ་ཐོན་སྐྱེད་རྟེན་གཞི་གལ་ཆེན་ཞིག་ཏུ་གྱུར་ཡོད། ས་གནས་དེ་གའི་ཞིང་པར་སྔོ་ཚལ་འདེབས་འཛུགས་ལག་རྩལ་ཁོང་དུ་ཆུད་པ་བྱེད་ཞོར་དུ་ལོ་མང་འབད་བརྩོན་བྱས་པ་བརྒྱུད། 2017ལོར་ཀོའོ་ཅུས་ལེང་གིས་སྔོ་ཚལ་དྲོད་ཁང་ཆེ་མོའི་ལག་རྩལ་སྤྱད་དེ་རྟེན་གཞིར་ཤིང་ཏོག་བཏབ་ཐུབ་པ་རེད།

ས་ཨུད་ཀྱི་ཨུ་ཡོན་དང་སྒར་རྫོང་ཨུད་ཀྱི་ཧྲུའུ་ཅི་ཀའོ་པའོ་ཅུན་གྱིས་དེ་སྔོན་ཐབས་བརྒྱ་ཇུས་སྟོང་གིས་སྒྲིག་བཀོད་ཞིང་ལས་མངའ་རིས་སུ་ནང་འདྲེན་བྱས་པ་དང་། དེས་རྐྱེན་པས་ས་གནས་དེ་གའི་མང་ཚོགས་ཀྱིས་ཁོང་ལ“ཤ་ཚལ་སྒོང་གསུམ་གྱི་ཧྲུའུ་ཅི”ཞེས་འབོད་ཀྱི་ཡོད།

ད་ཆ་ཁོང་གི་སྣེ་ཁྲིད་འོག་སྒར་རྫོང་གི་སྣོད་བཅུད་ཞིང་ལས་དེ་ས་གནས་དེ་གའི་ལྗང་མདོག་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པར་གྱུར་ཡོད། སྔོ་ཚལ་དང་། ཤིང་ཏོག ཁྱིམ་བྱ་དང་ཕྱུགས་རིགས་གསོ་ཚགས་བཅས་ཕྱོགས་བསྡུས་བེད་སྤྱོད་གཞི་གཅིག་ཏུ་བསྡུས་པའི་སྒྲིག་བཀོད་ཞིང་ལས་རྟེན་གཞི་དེས་མངའ་རིས་ལ་སྔོ་ལྗང་གསར་པ་རྒྱས་ཡོད་ལ་གསོན་ཤུགས་གསར་པའང་འཕེལ་བར་བྱས་ཡོད་པ་རེད།

2017ལོར་སྤུ་ཧྲེང་གི་དེང་རབས་ཞིང་འབྲོག་ལས་དཔེ་སྟོན་ཁུལ་དུ་ཀོའོ་ཅུས་ལེང་དང་ཁོང་གི་ཚོགས་པས་སྒོར་ཁྲི་300བཏང་སྟེ་རྟེན་གཞིར་སྡོང་ཕྲུག་སྣ་ཁ་26འདེབས་གསོ་བྱས་པ་དང་། དེ་སྔ་ཁོང་གིས་ད་དུང་ཁམ་སྡོང་དང་མངར་ཁམ་སྡོང་པོ་ཕྱི་རོལ་དུ་འདེབས་གསོ་བྱ་རྒྱུའི་ཚོད་ལྟ་བྱས་པ་རེད། ཁོང་གིས“གལ་ཏེ་ལམ་ལྷོངས་བྱུང་ཚེ། དཔྱིད་ཀ་མེ་ཏོག་བཞད་ཐུབ། སྐབས་དེ་དུས་སྤུ་ཧྲེང་གི་ཞིང་པས་རོང་དང་ཆུ་ཡོད་སའི་ས་ཆ་ཚང་མར་འདེབས་གསོ་བྱེད་ཆོག་པས་ཁོར་ཡུག་མཛེས་སུ་འགྲོ་ཐུབ་པ་མ་ཟད། དཔལ་འབྱོར་གྱི་ཕན་འབྲས་ཀྱང་ཡོང་ཐུབ། མངའ་རིས་ཀྱི་ས་ཆ་ཚང་མ་ལྗང་མདོག་ཏུ་འགྱུར་རྒྱུ་ནི་བསམ་བཀོད་ཙམ་མིན”ཞེས་བཤད།


རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།