མངའ་རིས་ཀྱིས་ནུས་ཤུགས་ཡོད་རྒུས་དཀར་མོ་ནས་ཀྱི་ཁྱད་ལྡན་སྤུས་རྟགས་བཏོད་པ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2017-07-20 17:16:20

QQ截图20170720171136.png

འདི་ནི་ཞི་བདེ་གྲོང་ཚོའི་མང་ཚོགས་ཀྱིས་རྩམ་པ་འཐག་བཞིན་པའི་གནས་ཚུལ་ཡིན་པ།

སྤུ་ཧྲེང་རྫོང་ཞི་བདེ་གྲོང་ཚོ་ནི་མངའ་རིས་ས་ཁུལ་དུ་སྐད་གྲགས་ཡོད་པའི་རྩམ་པ་ཐོན་ཡུལ་ཡིན། དུས་ཡུན་རིང་པོའི་ནང་ཐོན་འབོར་ཆེ་བ་དང་སྤུས་ཀ་ལེགས་པའི་ཞི་བདེའི་རྩམ་པ་དེ་ཁྲོམ་རར་བཏོན་མི་ཐུབ་པར་བརྟེན་གྲོང་མི་རྣམས་ཀྱི་སྤྱོད་ཆེད་ཙམ་དུ་འགྱུར་ཡོད། 2002ལོ་ནས་བཟུང་ས་གནས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་གྱི་རོགས་རམ་འོག་གྲོང་ཚོ་དེར་དཀར་མོ་ནས་ཀྱི་རྩམ་པ་ལས་སྣོན་བཟོ་གྲྭ་བཙུགས་ནས་དཀར་མོ་ནས་ཀྱི་ཐོན་ལས་འཕེལ་རྒྱས་བཏང་བ་རེད། འབད་འཐབ་ལྷོད་མེད་བྱས་པ་བརྒྱུད་ད་ཆ་ཐོན་ལས་དེ་ལས་མང་ཚོགས་ལ་ཡོང་འབབ་མི་དམན་པ་ཞིག་རག་པའི་ཐོག་དབུལ་སྒྲོལ་ཕྱུག་འགྱུར་ལ་སྐུལ་མ་ཐེབས་ཏེ་སྤུ་ཧྲེང་རྫོང་དང་ཐ་ན་མངའ་རིས་ས་ཁུལ་ཡོངས་སུ་སྐད་གྲགས་ཆོད་པའི་སྤུས་རྟགས་དང་རྩེར་ཕུད་ཐོན་ལས་སུ་གྱུར་ཡོད།

ཐོན་ལས་ཀྱི་གཞི་ཁྱོན་རིམ་གྱིས་སྟོབས་ཆེར་ཕྱིན་པ།

2002ལོར་རང་སྐྱོང་ལྗོངས་རྒྱལ་ཁྲལ་ཅུས་ཀྱིས་མ་དངུལ་སྒོར་ཁྲི་10བཏང་ནས་བཙུགས་པའི་ཞི་བདེ་གྲོང་ཚོའི་དཀར་མོ་ནས་ཀྱི་རྩམ་འཐག་ལས་སྣོན་བཟོ་གྲྭ་དེ་ཐོག་མར་གྲོང་གསེབ་ཀྱི་ཆུ་འཁོར་ཆུང་ཆུང་ཞིག་རེད། ད་ཕན་ལོ་ཤས་རིང་སྤུ་ཧྲེང་རྫོང་གིས་རིམ་རྩིས་བྱས་ན་ཁྱོན་མ་དངུལ་སྒོར་ཁྲི་70བཏང་ནས་བཟོ་གྲྭ་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་དང་། འབྲེལ་ཡོད་ལེ་ལག་འཛུགས་སྐྲུན་བྱས་ཏེ་ཞི་བདེ་རྩམ་པ་དང་སྣུམ་བཙག་ལས་དོན་གྱི་ཆེད་ལས་མཉམ་ལས་ཁང་བཙུགས་ནས“ཞི་བདེ་གྲོང་ཚོའི་དཀར་མོ་ནས་ཀྱི་རྩམ་པའི”ཚོང་རྟགས་ཐོ་བཀོད་བྱས་ཤིང་། ད་ཆ་བཟོ་གྲྭའི་རྒྱ་ཁྱོན་སྨི་ངོས་གྲུ་700ཙམ་ཡོད་པའི་ནང་ཆུ་འཁོར་14དང་འཕྲུལ་ཁང་2ཡོད་པ་མ་ཟད། ནས་འཁྲུ་ས་དང་རྔོ་ས་སོགས་ཡོད།

2016ལོར་ལས་སྣོན་བཟོ་གྲྭས་ནས་རྒྱ་མ་ཁྲི་44ཉོས་པ་དང་ལོ་གོང་མར་འཐག་པའི་རྩམ་པ་ཁྱོན་རྒྱ་མ་ཁྲི་47བཙོངས་པས་ཉོ་སྒྲུབ་བྱེད་ཚད་དང་ཕྱིར་ཚོང་བྱེད་ཚད་ཚང་མ་ལོ་གཞན་དང་བསྡུར་ན་མང་ཤོས་སུ་སླེབས། དེ་ལྟར་ཡིན་ན་ཡང་ད་དུང་མཁོ་སྤྲོད་མི་འདང་བའི་གནས་ཚུལ་ཐོན་གྱི་ཡོད།

ལོ་བཅུ་ལྷག་ཙམ་འབད་བརྩོན་ཧུར་ཐག་བྱས་པ་བརྒྱུད། 2016ལོར་ལས་སྣོན་བཟོ་གྲྭར་ཡོང་འབབ་སྒོར་ཁྲི་32བྱུང་བ་དང་གྲོང་ཚོ་དེའི་དུད་ཚང་141གི་མི་590ལ་ཕན་པ་ཐོབ་པ་དང་འབྲེལ། དུད་ཚང་དབུལ་པོ་41གི་མི་154དབུལ་སྒྲོལ་བྱུང་ནས་ཞི་བདེ་གྲོང་ཚོའི་དབུལ་སྒྲོལ་ལས་འགན་བདེ་བླག་ངང་ལེགས་གྲུབ་བྱུང་ཡོད།

མང་ཚོགས་ཀྱི་དངུལ་ཁུག་ལྗིད་ཏིག་ཏིག་ཆགས་པ།

ཐོན་ལས་འཕེལ་རྒྱས་གཏོང་བའི་མཐའ་མའི་དམིགས་ཡུལ་ནི་མང་ཚོགས་ཀྱི་སྣེ་ཁྲིད་དེ་འབབ་འཕར་ཕྱུག་འགྱུར་ཡོང་བ་བྱ་རྒྱུ་དེ་རེད། དེར་བརྟེན་ཞི་བདེ་གྲོང་ཚོས་དེའི་ཐད་ཕན་པ་ཡོད་པའི་ཚོད་ལྟ་མང་པོ་བྱས་ཡོད།

ཕུར་བུ་ཚེ་རིང་གིས་གསར་འགོད་པར་མིག་སྔར་དཀར་མོ་ནས་ཀྱི་ཐོན་ལས་ལ་བརྟེན་ནས་བྱེད་ཐབས་གསུམ་གྱིས་མང་ཚོགས་ལ་འབབ་འཕར་ཡོང་བར་བྱས་པ་སྟེ། གཅིག་ནི་མང་ཚོགས་ཀྱི་ས་ནས་ཐད་ཀར་ཉོས་ནས་ན་ནིང་ནས་རྒྱ་མ་ཁྲི་44ཉོས་པའི་ནང་ཞི་བདེ་གྲོང་ཚོའི་མང་ཚོགས་ཀྱི་ས་ནས་འབྲུ་རྒྱ་མ་རེར་སྒོར་2.3བྱས་ནས་ཉོས་པར་མང་ཚོགས་ལ་ཡོང་འབབ་སྒོར་ཁྲི་བརྒྱ་ཡན་བྱུང་ཡོད། གལ་ཏེ་རྒྱ་མ་གཅིག་ལ་སྒོར་2ཀྱི་ཁྲོམ་རའི་རིན་གོང་ལྟར་བརྩིས་ན་མང་ཚོགས་ལ་ཡོང་འབབ་སྒོར་ཁྲི་15ཙམ་བྱུང་ཡོད། གཉིས་ནི་མཉམ་ལས་ཁང་གིས་རེས་སྐོར་བྱས་ནས་མང་ཚོགས་ལས་སྣོན་ཁང་དུ་བཀོད་སྒྲིག་བྱས་ཏེ་མི་རེར་ཉིན་རེར་གླ་ཆ་སྒོར་70སྤྲོད་པ། གསུམ་ནས་མཉམ་ལས་ཁང་ལ་རོགས་རམ་བྱ་ཆེད་ན་ནིང་བཟོ་གྲྭའི་མ་དངུལ་ནས་40%བཏོན་ཏེ་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོར་རོགས་རམ་བྱས་པའི་མ་དངུལ་སྒོར་ཁྲི་8ཟིན་ཡོད་ཅེས་བརྗོད་བྱུང་།

ཡོས་ཀྱི་དྲི་ཞིམ་འཐུལ་བའི་རྔོ་ཚང་ནས་ཞི་བདེ་གྲོང་ཚོའི་གྲོང་མི་མིག་དམར་ཕྲད་བྱུང་། ཁོང་དང་བཟའ་ཟླར་ན་ནིང་ཁྱོན་གླ་ཆ་སྒོར་6000བྱུང་བ་དང་རང་ཁྱིམ་གྱི་དཀར་མོ་ནས་རྒྱ་མ་4000བཙོངས་པར་ཁྱོན་ཡོང་འབབ་སྒོར་ཁྲི་1.5བྱུང་ཡོད།

“བཟོ་གྲྭའི་ནང་བྲེལ་བ་ཆེ་བའི་སྐབས་སུ་མི་20ལྷག་ཙམ་ཡོད་པ་དང་དལ་བའི་སྐབས་སུ་མི་བཅུ་ཙམ་ཡོད། ཚོགས་ཆུང་གི་གཅིག་གྱུར་བཀོད་སྒྲིག་འོག་རེས་སྐོར་བྱས་ཏེ་མི་གཏོང་གི་ཡོད། ན་ནིང་ལས་ཀ་བྱེད་མཁན་ལ་ཡོང་འབབ་སྒོར་2000བྱུང་སོང་། འདི་ལོ་འབྲུ་རྒྱ་མ་རེར་སྒོར་2.5བར་འཕར་བས་ཚང་མ་དེ་བས་བློ་ཡིད་ཚིམ་པོ་བྱེད་ཀྱི་འདུག”ཅེས་མིག་དམར་གྱིས་བརྗོད་བྱུང་།

ནས་ཀྱི་ཐོན་ལས་སྤུ་ཧྲེང་རྫོང་ནས་ཡུལ་གཞན་དུ་བསྐྱོད།

ཞི་བདེ་རྫོང་གི་དཀར་མོ་ནས་ཀྱི་རྩམ་པ་བྲིན་ཁ་རྒྱུག་པ་དང་ཡངས་པའི་ཁྲོམ་ར་ཡོད་པ་མཐོང་སྐབས་སྤུ་ཧྲེང་རྫོང་དང་། གྲོང་རྡལ། གྲོང་ཚོ་བཅས་རིམ་གསུམ་ཏང་ཨུད་དང་སྲིད་གཞུང་གིས་ཐབས་བརྒྱ་ཇུས་སྟོང་ངང་ཐོན་ལས་ཀྱི་གཞི་ཁྱོན་ཆེ་རུ་དང་ཐོན་རྫས་ཀྱི་སྤུས་ཚད་དང་ཐོན་ཚད་མཐོ་རུ་བཏང་ཞིང་། 2016ལོར་སྤུ་ཧྲེང་རྫོང་གིས་དངུལ་སྒོར་ཁྲི་15བཏང་ནས་སྤུ་ཧྲེང་རྫོང་གི་སྐྱིད་ཐང་དང་། ཁྲི་སྡེ། སྟོད་ཡུལ་བཅས་གྲོང་ཚོ་གསུམ་ལ་དཀར་མོ་ནས་མུའུ་918ཚོད་འདེབས་བྱས་པ་དང་འདི་ལོ་མུའུ་3188རྒྱ་ཆེར་བཏང་ཞིང་། ད་ཆ་གྲོང་རྡལ་དེའི་གྲོང་ཚོ་དྲུག་ནས་གྲོང་ཚོ་ལྔ་ཡིས་དཀར་མོ་ནས་འདེབས་ཀྱི་ཡོད།

མངའ་རིས་ས་ཨུད་དང་སྲིད་འཛིན་ཀུང་ཧྲུའུ་ཡིས་ཀྱང་ཞི་བདེ་གྲོང་ཚོའི་དཀར་མོ་ནས་ཀྱི་ཐོན་ལས་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་ཉེ་ཆར་རྫོང་བདུན་གྱི་རྫོང་ཨུད་ཧྲུའུ་ཅིའི་སྤེལ་རེས་ཚོགས་འདུ་འཚོགས་ཤིང་། ས་ཨུད་ཀྱི་ཧྲུའུ་ཅི་ཀྲུའུ་ཀྲུང་ཁུའེ་ཡིས་རྫོང་ཁག་གི་རྫོང་ཨུད་ཧྲུའུ་ཅིའི་སྣེ་ཁྲིད་དེ་དཀར་མོ་ནས་ཀྱི་ལས་སྣོན་བཟོ་གྲྭར་བསྐྱོད་ནས་རྟོག་ཞིབ་བྱས་ཏེ་རང་ངོས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་དང་། རང་ངོས་ཀྱི་ལེགས་ཆ་འདོན་སྤེལ། ཐོན་ལས་ཀྱི་འདེགས་སྐྱོར་སྟོབས་ཆེར་གཏོང་བ། ཐོན་ཁུངས་ཀྱི་ལེགས་ཆ་དཔལ་འབྱོར་གྱི་ལེགས་ཆར་འགྱུར་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཞི་བདེ་གྲོང་ཚོའི་དཀར་མོ་ནས་ཀྱི་རྩམ་པ་མངའ་རིས་ཞིང་ལས་ཁྱད་ལྡན་ཐོན་ལས་ཀྱི་མཚོན་བྱེད་རང་བཞིན་གྱི་སྤུས་རྟགས་སུ་འགྱུར་བར་བྱེད་དགོས་ཞེས་བཤད།

ཞི་བདེ་གྲོང་ཚོའི་དཀར་མོ་ནས་ཀྱི་ཐོན་རྫས་ཀྱི་མིང་གྲགས་དང་ལས་སྣོན་རིང་ཐང་ཆེ་རུ་ཏན་ཏིག་གཏོང་ཆེད། སྤུ་ཧྲེང་རྫོང་གི་ཁག་བརྒྱད་པའི་བོད་སྐྱོར་ལས་བྱེད་པ་ཞི་བདེའི་དཀར་མོ་ནས་ཀྱི་རྩམ་པ་ལས་སྣོན་བཟོ་གྲྭར་ཐེངས་མང་བསྐྱོད་དེ་བརྟག་ཞིབ་བྱས་པ་དང་འབྲེལ། བོད་སྐྱོར་མ་དངུལ་དང་གནད་སྨིན་དབུལ་སྐྱོར་ཐོན་ལས་ཟུང་འབྲེལ་བྱས་ཏེ་མ་དངུལ་སྒོར་ཁྲི་800བཏང་སྟེ་བཟོ་གྲྭ་ཕྱོགས་ཡོངས་ནས་སྒྱུར་བཀོད་དང་ཐོན་སྐྱེད་སྒྲུབ་རིམ་རྒྱ་ཆེར་བཏང་བ་མ་ཟད། ད་དུང་དཀར་མོ་ནས་ཀྱི་བག་ལེབ་སོགས་ཚོང་ཟོག་ཐོན་སྐྱེད་བྱས་ཏེ་ཐོན་རྫས་སྣ་ཁ་ཕུན་སུམ་ཚོགས་སུ་དང་ཐོན་རྫས་རིན་ཐང་མཐོ་རུ་གཏོང་རྩིས་ཡོད་པ་རེད།

ཉིན་རེ་བཞིན་མགྱོགས་མྱུར་འཕེལ་རྒྱས་འགྲོ་བའི་དུས་བབ་དང་འཚམ་ཆེད། སྤུ་ཧྲེང་རྫོང་གིས་ལས་སྣོན་བཟོ་གྲྭའི་ལས་དོན་མི་སྣ་སྒྲིག་འཛུགས་ཐེངས་མང་བྱས་ཏེ་རང་སྐྱོང་ལྗོངས་དང་། ས་ཁུལ། རྫོང་བཅས་ཀྱི་འབྲེལ་ཡོད་ལས་སྒོའི་གསོ་སྦྱོང་ལ་ཞུགས་སུ་བཅུག་པ་མ་ཟད། ད་དུང་ལས་དོན་མི་སྣ་6གཞིས་རྩེ་དང་ལྷ་ས་སོགས་རྩམ་པ་ལས་སྣོན་བཟོ་གྲྭར་རྟོག་ཞིབ་བྱེད་པར་བཏང་ནས་རྩམ་པ་ཐོན་སྐྱེད་དང་ཕྱིར་ཚོང་ཉམས་མྱོང་སློབ་སྦྱོང་བྱེད་དུ་བཅུག་སྟེ་ལས་གྲྭའི་ཐོན་འབོར་དེ་བས་འཕར་ཐུབ་པ་བྱས་ཡོད།

སྤུ་ཧྲེང་གྲོང་རྡལ་གྱི་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཀྲེན་ཀྲང་མཱ་ཁེ་ལིས་གསར་འགོད་པར་འདི་ལོ་རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ཞི་བདེ་གྲོང་ཚོའི་དཀར་མོ་ནས་ཀྱི་རྩམ་པ་ལས་སྣོན་བཟོ་གྲྭར“གླ་ཆ་མཉམ་སྡེབ་གྲོས་མོལ་དང་སྤུས་མཐོ་ཕན་འཕར་གྱི་ཚད་ལྡན་ཁེ་ལས”ཞེས་པའི་གཟི་བརྗིད་མཚན་སྙན་སྤྲད་པ་དང་། ལས་སྣོན་བཟོ་གྲྭ་སོ་སོས་ཀྱང“སྤུས་རྟགས་གཏོད་པ་དང་། གྲུབ་འབྲས་གཏོད་པ། རྩེ་གྲ་གཏོད་པ། གདོང་ལེན་གཏོད་པ”བཅས་ཀྱི་ཁེ་ལས་ཀྱི་དུས་འབྲིང་དང་དུས་རིང་གི་འཕེལ་རྒྱས་དམིགས་ཚད་བཏོན་པ་དང་། ལྷག་པར་དུ་གྲོང་རྡལ་ཡོངས་ཀྱི་གོང་འོག་ཚང་མས་མང་ཚོགས་ཕྱུག་འགྱུར་འབབ་འཕར་དང་གནད་སྨིན་དབུལ་སྒྲོལ་ལ་སྐུལ་འདེད་གཏོང་བའི་གཙོ་རྐང་དེར་དམ་པོར་དམིགས་ནས་དཀར་མོ་ནས་ཀྱི་ཐོན་ལས་ཀྱི་ལེགས་ཆ་དོན་སྤེལ་གང་ལེགས་དང་། “རིམ་མང་འཕེལ་རྒྱས་དང་དམིགས་ཚད་མཐོ་བའི་འཛུགས་སྐྲུན”གྱི་བསམ་ཕྱོགས་མཐའ་འཁྱོངས། མང་ཚོགས་ཀྱི་སྣེ་ཁྲིད་དེ་བློ་ཁོག་ཆེན་པོས་འཚོལ་ཞིབ་དང་ལག་ལེན། རྩམ་པ་ལས་སྣོན་དང་ཞིང་ལས་ཕྱོགས་བསྡུས་གསར་སྤེལ་ནུས་ལྡན་ངང་ཟུང་འབྲེལ་བཅས་བྱས་ཏེ་གྲོང་རྡལ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལེགས་སྒྲུབ་ལ་རོགས་རམ་བྱས་ཡོད་ཅེས་བཤད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།